བོད་ལྗོངས་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་གློག་འོད་ཆེམ་ཆེམ་འཕྲོས།
—— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
འོད་སྟོང་འཕྲོ་བའི་ལོ་ངོ་60ཡི་རིང་། མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པའི་འཕེལ་རྒྱས་འགྲོ་བར་གློག་ཤུགས་བྱ་གཞག་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། བོད་ལྗོངས་གློག་དྲས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་བ་དང་། གློག་འོད་ཆེམ་ཆེམ་ལ་བརྟེན་ནས་ས་མཐོའི་གསོན་ཤུགས་འཕེལ་བར་བྱས་ཡོད། གངས་ལྗོངས་ས་མཐོའི་གློག་སྐུད་རེ་རེ་དང་གློག་དྲའི་གློག་སྒྲོམ་རེ་རེས་ཡངས་པའི་ཡུལ་གྲུ་ཀུན་ཏུ་དུས་རབས་གསར་པར་དབང་བའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།
ས་མཐོར་རེ་བའི་འོད་སྣང་སྦྱིན་པ།
2025ལོའི་ཟླ་1ཚེས་7ཉིན། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། ཉིན་དེའི་ཉིན་གུང་དིང་རི་རྫོང་གྲོང་དུ་གློག་སླར་གསོ་ཐུབ་པ་དང་། ཉིན་དེའི་དགོང་མོར། ས་ཡོམ་གྱི་ལྟེ་བའི་ཁུལ་གནས་ཡུལ་དིང་རི་རྫོང་མཚོ་སྒང་ཤང་དུ་གློག་སླར་གསོ་ཐུབ་ཡོད། མྱུར་ཚད་དེ་ལས་བོད་ལྗོངས་གློག་དྲ་བརྟན་ལ་བློས་འགེལ་ཆོག་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། བོད་ཀྱི་གློག་ཤུགས་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་མཚོན་ཡོད། ལོ་10ཙམ་གོང་དུ་དེ་གར“གློག་དྲ་ཆེན་པོ”སྣུར་སྲིང་བྱེད་ཐེངས་དང་པོ་ཡིན་པ་སྐྱེ་བོ་སུ་ཡི་སྣང་བར་འཆར་སྲིད་དམ། 2014ལོའི་ཟླ་4པར། ས་བབ་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེན་པོར་རྒྱལ་ཁབ་ཀྱི་གློག་དྲ་ཆེན་པོ་དངོས་སུ་སྦྲེལ་མཐུད་ཐུབ་ཡོད།
1956ལོའི་ཟླ་7པ་དང་10པར། གཞིས་རྩེའི་ཆན་ཝ་80ཡི་འབར་སྣུམ་མེ་ཤུགས་གློག་ཁང་དང་སླར་གསོ་བསྐྱར་སྐྲུན་བྱས་པའི་དོག་སྡེ་ཆུ་ཤུགས་གློག་ཁང(ཆན་ཝ་660)བསྐྲུན། 1960ལོར་རྔ་ཆེན་གློག་ཁང་ནས་ལྷ་སར་དངོས་སུ་གློག་ཐེངས་དང་པོ་བཏང་བ་དང་། དེ་རྗེས་གློག་ཁང་གི་འཕྲུལ་ཚན་ཁག་དྲུག་པོ་དུས་ཡུན་ལོ་ལྔའི་རིང་ཚང་མ་ལས་མཇུག་འགྲིལ་བ། དེ་རྗེས་ཀྱི་ལོ་འགའི་ནང་ལྷ་སའི་ནུབ་འདབས་གློག་ཁང་དང་ལྷོ་ཁའི་འོལ་ཁ་རིམ་གསུམ་གློག་ཁང་། གཞིས་རྩེའི་རྟ་ནག་གློག་ཁང་། ཉིང་ཁྲིའི་བྲག་ཡིབ་གློག་ཁང་སོགས་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་ཡོད།
མི་སེར་དཀྱུས་མའི་ཁྱིམ་དུ་གློག་ཁྲིད་པ་དེས་རྒྱུན་གཏན་གྱི་འཚོ་བར་འོད་སྣང་འཕྲོས་པ་མ་ཟད། མི་རྣམས་ཀྱི་འཚོ་བར་ཡང་རེ་བ་གསར་པ་སྦྱིན་ཡོད།
“བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པ་ལྟར་ཀ་ལ་གྲོང་ཚོའི་འགྱུར་ལྡོག་ནི་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་གྲོང་དཔོན་རྒན་གྲས་ཤིག་ཡིན་པའི་རྒད་པོ་ཁྱི་སྐྱག་གིས“ལས་ཀ་མགྱོགས་ཙམ་བྱས་ན་མ་གཏོགས་སྣུམ་སྒྲོན་གྱི་སྣུམ་རྫོགས་ཀྱི་རེད”ཅེས་པའི་ཨ་མའི་སྐད་ཆ་དེ་དུས་ད་ལྟའང་ཡིད་ལ་ཝ་ལེར་དྲན་བཞིན་ཡོད། སྐབས་དེ་དུས་སྣུམ་སྒྲོན་ཆུང་ཆུང་ཞིག་ལས་སྤོར་རྒྱུ་མེད་པས་འོད་ཆུང་བའི་ཁར། ད་དུང་ཁང་པར་དུད་དྲེག་འཁོར་གྱི་ཡོད། གྲོང་ཚོའི་རྒན་རྒོན་ཚོས“སྣུམ་ཞུ་ཟད་གྲོན་ཆེ་བས་གྲོན་ཆུང་གང་ཐུབ་བྱེད་དགོས”ཞེས་རྟག་ཏུ་ཤོད་ཀྱི་ཡོད།
ད་ཆ་ཁྱི་སྐྱག་གིས་མུན་ནག་ཁྲོད་ཀྱི་འཚོ་བ་སྐྱེལ་མཇུག་འགྲིལ་བ་དང་ཀ་ལ་གྲོང་ཚོའི་དུད་ཚང་ཚང་མར་གློག་སྒྲོན་དང་། བརྙན་འཕྲིན། འཁྱགས་སྒམ་བཅས་སྤྱོད་རྒྱུ་ཡོད་པ་མ་ཟད་ཕྲུ་གུ་ཚོ་དཀར་ཆ་དོད་པའི་གློག་སྒྲོན་འོག་སློབ་སྦྱོང་བྱེད་རྒྱུ་ཡོད། གློག་ཤུགས་བརྟན་པོ་དེས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་དེ་བས་སྐུལ་ཁྲིད་བྱས་པས། ཀ་ལ་གྲོང་ཚོར“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”ལས་ཁྱིམ་ཚང་ཚང་མར་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
གློག་དྲའི་འཕར་རྩ་བརྟན་པོ་བསྐྲུན་པ།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཟླ་བ་བློ་གྲོས་ཀྱིས་ཁང་པའི་གློག་སྤར་ནས“ལོ་དེ་དག་རིང་གློག་དྲ་ཆེན་པོ་སྤྱོད་རྒྱུ་བྱུང་སྟབས་འཚོ་བར་འོད་སྣང་གིས་ཁེངས་སོང”ཞེས་བདེ་སྐྱིད་ཆེན་པོ་ཚོར་བཞིན་བཤད།
མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་ནི་ལྷ་ས་ནས་བར་ཐག་སྤྱི་ལེ་1500ལྷག་ཙམ་ཡོད་པ་དང་ས་ཐག་རིང་ལ་ཆ་རྐྱེན་ཞན་པའི་དབང་གིས་མངའ་རིས་ཀྱི་གློག་དྲ་ཡུན་རིང་དྲ་རྐྱང་འཁོར་རྒྱུག་གི་རྣམ་པར་ལུས་ཡོད།
མངའ་རིས་ཀྱི་དྲ་སྦྲེལ་ལས་གྲྭ་འཁོར་རྒྱུག་བྱེད་འགོ་ཚུགས་རྗེས་གནས་ཚུལ་དེར་རྩ་བ་ནས་འགྱུར་ལྡོག་ཕྱིན་པ་དང་། “གློག་ཤུགས་མཁའ་ལམ”ཞེས་པའི་ངོ་མཚར་ཆེ་བའི་ལས་གྲྭ་དེ་ནི་བོད་ཀྱི་གློག་དྲ་གཙོ་བོ་བཞི་ཡི་གྲས་ཤིག་རེད།
2011ལོའི་ཟླ་12པར། གློག་ཤུགས་མཁའ་ལམ་དང་པོ་སྟེ། མཚོ་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་ཏེ་བོད་ཀྱི་གློག་དྲ་ཡུན་རིང་དྲ་རྐྱང་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། མཚོ་སྔོན་གློག་དྲ་དེ་རྒྱལ་ཡོངས་ཀྱི་གློག་དྲ་ཆེ་གྲས་དང་སྦྲེལ་མཐུད་ཐེངས་དང་པོ་ཐུབ་པ་དང་།
2014ལོའི་ཟླ་11པར། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པ་དང་བོད་ཤར་ལྷོའི་ཆབ་མདོའི་གློག་དྲ་དྲ་རྐྱང་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
2018ལོའི་ཟླ་11པར། བོད་དབུས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པ་དང་བོད་དབུས་གློག་དྲ་དང་། ཆབ་མདོའི་གློག་དྲ། སི་ཁྲོན་གློག་དྲ་བཅས་དྲ་སྦྲེལ་འཁོར་རྒྱུག་བྱས་པ་ནས་བཟུང་བོད་འདི་ཉིད་ཆན་ཧྥུའུ་500ཡི་ཆེས་མཐོ་གནོན་གྱི་གློག་དྲ་ཆེན་པོའི་དུས་རབས་སུ་སླེབས།
2020ལོའི་ཟླ་12པར། མངའ་རིས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པ་དང་བོད་ཀྱི་གློག་དྲ་དེ་གཅིག་གྱུར་གློག་དྲའི་དུས་རབས་གསར་པར་སླེབས་པ་དང་། རྒྱལ་ཡོངས་ཀྱི་སྐམ་ས་ཆེ་མོའི་ས་ཁུལ་གྱི་ས་གནས་རིམ་པའི་སྲིད་འཛིན་ས་ཁོངས་མཇུག་ཤོས་དེར་རྒྱལ་ཁབ་ཀྱི་གློག་དྲ་ཆེན་པོ་དངོས་སུ་སྦྲེལ་མཐུད་ཐུབ་པ་རེད།
“གློག་ཤུགས་མཁའ་ལམ”བཞི་ཡིས་གངས་ལྗོངས་ས་མཐོའི་གློག་ཤུགས་ཀྱི་འཕར་རྩ་ཆེན་པོ་བསྐྲུན་པ་དང་། ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར“གློག་དྲ་ཆེན་པོ”ལས་བརྟན་ལ་བློས་འགེལ་ཆོག་པའི་གློག་གཏོང་ཐུབ་ཡོད། ད་ཆ་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74ལ་གློག་དྲ་གཙོ་བོ་ཁྱབ་ནས། གློག་གཏོང་ཐུབ་ཚད་99.6%དང་གློག་སྤྱོད་མཁན་མི་འབོར་ཁྲི་370ཙམ་ཟིན་ཡོད་པ་རེད།
“གློག་ཤུགས་མཁའ་ལམ”བཞི་བསྐྲུན་པ་དེ་ཐོག་ནས་གློག་ཤུགས་འཛུགས་སྐྲུན་པ་ཁྲི་10ལྷག་ཙམ་གྱིས་གྲང་ངར་ཆེ་བ་དང་ཁ་བ་བུ་ཡུག་ལ་མི་འཛེམ་ཞིང་། གསོ་རླུང་མི་འདང་བར་ཁ་གཏད་གཅོག་ཕོད་པའི་འབད་འབུངས་ཀྱི་སྙིང་སྟོབས་མཚོན་པ་དང་། དེ་ལས་ནོར་སྲིད་དང་རྒྱལ་ཁབ་གློག་དྲ་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་470ཙམ་བཏང་བ་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཁབ་གློག་དྲ་ཀུང་སིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཀྱང་མཚོན་ཡོད།
བོད་ཀྱི་གློག་དྲའི་དྲ་བ་གཙོ་བོ་འཐུས་སྒོ་ཚང་དུ་ཕྱིན་པ་དེས་ལྷ་སའི་མལ་གྲོ་གུང་དཀར་རྫོང་ཅུས་ལུང་ཟངས་གཏེར་གྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་ནུས་ལྡན་ཐུབ་ནས། སྒྲིག་ཆས་ཆེ་གྲས་ཁག་འཁོར་རྒྱུག་བརྟན་པོ་བྱུང་ཡོད། “ཉིན་རེ་བཞིན་བརྟན་དུ་འགྲོ་བའི་གློག་དྲ་ནི་ང་ཚོ་སྤུས་ཚད་སྔར་བས་མཐོ་བའི་འཕེལ་རྒྱས་དུས་མཚམས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་འགག་རྩའི་རྒྱུ་རྐྱེན་ཞིག་ཡིན་ལ། ཕུགས་ཀྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད”ཅེས་འགན་འཁུར་བ་ངག་དབང་ཉི་མས་བཤད།
བོད་ཀྱི་གློག་དྲའི་གློག་སྤྱོད་ཐེག་ཚད་ལོ་ཤས་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་ཆ་སྙོམས་ལོ་རེར་15%འཕར་བ་དང་2024ལོར་མཐོ་ཤོས་ཆན་ཝ་ཁྲི་276ཟིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་154.17ཟིན་པ་དེ་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་དུས(1965ལོར་ཆན་ཝ་ཆུ་ཚོད་ཁྲི་2600ཙམ་ཡིན་པ)ཀྱི་ལྡབ་593ཙམ་ཡིན་པ་རེད།
ལྗང་མདོག་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པ།
ས་བབ་མཐོ་ཚད་སྨི་4500ཟིན་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་རླུང་ཤུགས་གློག་འདོན་འཕྲུལ་འཁོར་ཆེ་གྲས་མང་པོ་ཡོད་པ་དེ་དག་གིས་ས་མཐོའི་ཕང་བར་གནས་པའི་གྲོང་ཁྱེར་དེ་ལ་ནུས་རྒྱུ་གཙང་མ་གསར་རྐྱང་མཁོ་འདོན་བྱེད་ཀྱི་ཡོད། 2025ལོར། ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་དྲ་སྦྲེལ་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་4.71ཟིན་ནས་དུས་མཚུངས་ལས་46.03%འཕར་ཡོད་པ་རེད།
འདི་ནི་བོད་ཀྱི་ནུས་རྒྱུའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པའི་བསྡུས་རིས་ཤིག་རེད། བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པས་གསར་སྤེལ་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན། ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། བོད་ཀྱི་ལོ་རེའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མ་འཇོག་ཁྲོད་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱི་བསྡུར་ཚད་30%ཟིན་ནས། ཆུ་གློག་གིས་གཙོ་བོ་བྱེད་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་རྒྱུ་གཙང་མ་མང་པོ་གསབ་རེས་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་ཆགས་པ་མ་ཟད། འབྲེལ་ཡོད་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།
མིག་སྔར། ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་པའི་བསྡུར་ཚད་99%ལྷག་ཟིན་ནས་ནུས་རྒྱུ་གཙང་མའི་གློག་འདོན་ཧ་ལམ་མངོན་འགྱུར་བྱུང་སྟེ། བོད་ཀྱི་གློག་དྲ་འདི་ཉིད་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་བསྡུར་ཚད་མཐོ་ཤོས་ཀྱི་ཞིང་ཆེན་རིམ་པའི་གློག་དྲ་ཞིག་ཏུ་གྱུར་ཡོད།
ལྗོངས་ནང་ཁུལ་གྱི་གློག་སྤྱོད་དགོས་མཁོ་སྐོང་བའི་རྨང་གཞིའི་ཐོག རྒྱལ་ཁབ་གློག་དྲ་བོད་ཀྱི་གློག་ཤུགས་ཀྱིས་ཆུ་རྒྱས་དུས“བོད་གློག་ཕྱིར་གཏོང”བྱེད་པའི་ཐབས་ལམ་རིམ་བཞིན་ཤར་གཏོང་བྱས་ཡོད། ལྗོངས་ཡོངས་ཀྱི“བོད་གློག་ཕྱིར་གཏོང”ཁྱབ་ཁོངས་སུ་ཧྭ་ཏུང་དང་། ཧྭ་ཀྲུང་། ཧྭ་པེ། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་ཚུད་ཡོད་པ་དང་། རིམ་རྩིས་བརྒྱབ་ན། ཕྱིར་བཏང་བའི་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་161ལྷག་ཙམ་ཟིན་པ་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1386ཉུང་དུ་ཕྱིན་པ་དང་མཚུངས།
མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་དུ་དབྱར་གཞུང་ལའང་མཚན་མོར་སྔར་བཞིན་གྲང་ངར་ཆེན་པོ་ཡོད། ཡིན་ནའང་མཚེའུ་དཀར་མོ་གྲོང་ཚོའི་གྲོང་མིར་མཚོན་ན། ད་ལོའི་མཚན་མོ་ནི་དཀར་ཆ་དོད་ལ་དྲོ་སྐྱིད་ལྡན་པ་ཞིག་ཡོད། དེ་ནི་2024ལོའི་ལོ་མཇུག་ཏུ་རྒྱལ་ཁབ་གློག་དྲས་སྤྱོད་འགོ་ཚུགས་པའི་བོད་ཀྱི་རང་ཚུགས་འོད་གསོག་གློག་དྲ་ཆུང་གྲས་ཐོག་མའི་དྲིན་རེད། རྣམ་གྲངས་དེས་མངའ་རིས་ས་ཁུལ་གྱི“གློག་དྲ་གཙོ་བོ་སྣུར་སྲིང་དཀའ་བའི”དཀའ་ངལ་ནུས་ལྡན་སེལ་ཐུབ་ཡོད།
རབ་བྱུང་གཅིག་གི་འཕོ་འགྱུར། བགྲང་བྱ་དྲུག་ཅུའི་གཟི་དཔལ། ལྷ་ས་སྐྱིད་ཆུའི་འགྲམ་གྱི་གློག་སྒྲོན་དང་པོ་ནས་ས་མཐོར་ཁྱབ་པའི“གློག་ཤུགས་མཁའ་ལམ”བར། བོད་ཀྱི་གློག་ཤུགས་བྱ་གཞག་གིས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བའི”སྙིང་རུས་ལ་བརྟེན་ནས། འཛམ་གླིང་ཡང་རྩེར་དམངས་འཚོའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད།
འབྲེལ་ཡོད་གསར་འགྱུར།