དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འབོ་གསེར་ཆེན་པོའི་མཉམ་ལས”བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-18

    “འབོ་གསེར་2025ལོ། སྣེ་མང་འཛམ་གླིང་ཁྲོད་ཀྱི་འཐབ་ཇུས་མཉམ་ལས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བགྲོ་གླེང་ཚོགས་འདུ་ཉེ་ཆར་པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་འཚོགས་ཤིང་། ཀྲུང་གོ་དང་པར་ཙིར་གྱི་ལས་རིགས་ཁག་ནས་ཡོང་བའི་སྐུ་མགྲོན་130ལྷག་ཙམ་གྱིས“ལྷོ་ཕྱོགས་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང”དང་། “དཔལ་འབྱོར་དང་དངུལ་རྩའི་མཉམ་ལས” “གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས”བཅས་གྲོས་གཞི་གསུམ་ལ་དམིགས་ནས་བགྲོ་གླེང་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་རྒྱ་ཁྱབ་ངང་ངོས་འཛིན་བྱས་དོན། “འབོ་གསེར་ཆེན་པོའི་མཉམ་ལས”དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུར་ཕན་ཐོགས་ཡོད་ཅིང་། སྣེ་མང་འཛམ་གླིང་གཏོད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ། ས་གོ་ལའི་ཕྱེད་ཤར་མ་དང་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་དང་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཡིན་པའི་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀྱིས་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཆོག དེ་འདྲ་བྱས་ན་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་པོ་སྣོན་ཐུབ།

    ཀྲུང་གོ་ཕྱི་འབྲེལ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ་བ་མཱ་ཁུ་སི·ཧྥུ་ལེ་ཐ་སི་ཡིས་བརྗོད་དོན། “འབོ་གསེར་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་བདག་དབང་ལ་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་ཡོང་ཐབས་བྱས་པས་དངུལ་རྩ་དང་། ཚོང་དོན། ཚན་རྩལ། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་སུ་དོན་དངོས་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོབ་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ལས་སྟེགས་གལ་ཆེན་བསྐྲུན་ཡོད”

    པར་ཙིར་ཧྲེང་པའོ་ལུའོ་གྲོང་ཁྱེར་རྒྱལ་སྤྱིའི་འབྲེལ་ལམ་ཅུས་ཀྱི་ཅུས་ཀྲང་ཨན་ཅི་ལཱ་ཡིས་བརྗོད་དོན། མིག་སྔའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་ལ་ཕོག་ཐུག་ཆེན་པོ་བྱུང་བའི་རྒྱབ་ལྗོངས་འོག ཀྲུང་གོས་བཏོན་པའི་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་ལས་དེའི་དུས་རབས་ཀྱི་རིན་ཐང་དང་དོན་དངོས་ཀྱི་དོན་སྙིང་སྔར་བས་མངོན་གྱི་འདུག

    པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་དབྱི་ཧུའེ་གྲོས་ཚོགས་ཀྱི་དབུ་བཞུགས་དྲུང་ཆེ་མའོ་ལི་ཤིས་ཀྱིས་བརྗོད་དོན། “ཀྲུང་གོ་དེ་ཉིད་འབོ་གསེར་མཉམ་ལས་ལམ་སྲོལ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས། སྣེ་མང་ཅན་གྱི་སྒྲིག་ལམ་འཛུགས་སྐྱོང་བཅས་ཁྲོད་ཀྱི་པར་ཙིར་གྱི་འགག་རྩའི་མཉམ་ལས་རོགས་ཟླར་གྱུར་ཡོད”ཅེས་དང་། པར་ཙིར་དང་ཀྲུང་གོའི་དབར་དཔལ་འབྱོར་ཚོང་དོན་དམ་ཟབ་བྱུང་ཞིང་། པར་ཙིར་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་རྩེར་སོན་གྱི་སྒྲིག་ཆས་དང་ལག་རྩལ་ནི་པར་ཙིར་སླར་ཡང་བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཀྱི་གལ་འགངས་ཆེན་པོ་ཞིག་ཡིན། “པར་ཙིར་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་དེ་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་དབར་གྱི་མཉམ་ལས་དང་འབོ་གསེར་སྒྲོམ་གཞིའི་འོག་གི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད”

    བགྲོ་གླེང་ཚོགས་འདུ་དེ་ཧྲེང་པའོ་ལུའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཆེ་མོ་ཁང་དང་པར་ཙིར་ཚོང་ལས་གཙོ་འཛིན་རྩ་འཛུགས་ཀྱིས་ཐུན་མོང་ཐོག་གཉེར་བ་རེད། པར་ཙིར་ཚོང་ལས་གཙོ་འཛིན་རྩ་འཛུགས་ཀྲུང་གོ་ཁུལ་གྱི་མཉམ་འབྲེལ་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་རུའོ་ཙེ·ལི་ཁ་ཏུའོ་ཡིས། པར་ཙིར་ཚོང་ལས་གཙོ་འཛིན་རྩ་འཛུགས་ཀྱིས་པར་ཙིར་དང་ཀྲུང་གོའི་ཁེ་ལས་སྦྲེལ་མཐུད་དང་། སྲིད་ཇུས་འབྲེལ་གཏུག རིག་གནས་སྤེལ་རེས་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་གཞོལ་ཏེ། འབོ་གསེར་མཉམ་ལས་ལམ་སྲོལ་གཏིང་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།