དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཁག་དང་པོ་སྡོད་ཁང་གསར་པར་སྤོས་པ།

    ཇོ་མོ་གླང་མའི་འདབས་སུ་ཁང་པ་གསར་པ་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-18

    ཟླ་8ཚེས་15ཉིན། ཞོགས་པའི་ཉི་གཞོན་ཇོ་མོ་གླང་མའི་འདབས་སུ་ཆགས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཁམས་གཙང་ལ་དཀར་ཆ་དོད་པའི་བོད་བཟོའི་སྒོ་རར་འཕྲོས་ཤིང་། ཁྱིམ་དུད་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་ཀྱི་ཉི་མ་ཚེ་རིང་ཁྱིམ་གྱི་སྟབས་བདེའི་ཁང་པའི་ནང་བཟའ་ཟླ་ཕུར་བུས་ཕྲུ་གུར་གྱོན་ཆས་གསར་པ་གཡོགས་པ་དང་། ཉི་མ་ཚེ་རིང་གིས་ཁ་པར་བཏོན་ཏེ་དུས་ཚོད་ལ་ལྟ་བཞིན་དུ། “ཆུ་ཚོད་བཅུ་གཉིས་པར་སྡོད་ཁང་གསར་པར་སྤོས་ན་ཏག་ཏག་རེད”ཅེས་བརྗོད་ཅིང་། དེ་ནི་ཁོང་གིས་ཁ་པར་གྱི་དུས་ཚོད་ལ་ལྟ་ཐེངས་ལྔ་པ་དེ་རེད།

    ད་ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ཟླ་3ཚེས་3ཉིན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཉིན་མ་100ལྷག་ཙམ་རིང་ཚ་ཚ་འུར་འུར་ངང་ཨར་སྐྲུན་བྱས་པ་བརྒྱུད། གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་ཁག་དང་པོ་ཉེ་དུས་ལས་མཇུག་འགྲིལ་ཏེ། སྡོད་ཆོག་ཆོག་གི་ཆ་རྐྱེན་ཚང་ཡོད་པ་རེད།

    ཉི་མ་ཚེ་རིང་གི་ཁྱིམ་ནི་སྡོད་ཁང་གསར་པ་ཁག་དང་པོར་སྤོ་མཁན་གྱི་གྲས་ཤིག་ཡིན་ཞིང་། སྡོད་ཁང་གསར་པའི་སྐོར་གླེང་སྐབས། ཉི་མ་ཚེ་རིང་གི་ཕ་ཆོས་འཕེལ་གྱིས་དགའ་ཚོར་ཆེན་པོས། “ངའི་ཁྱིམ་ལ་སྨི་ངོས་གྲུ་200ལྷག་ཙམ་གྱི་ཁང་པ་ཆེན་པོ་ཞིག་རག་བྱུང”ཞེས་བརྗོད།

    ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ། ཕུར་བུ་སྡོད་མི་བཟོད་སྟབས་དེ་མུར་སྡོད་ཁང་གསར་པར་བསྐྱོད་ནས་གྲ་སྒྲིག་བྱས། ཕུར་བུས་ཇ་མངར་མོ་བསྐོལ་བས་ཁང་པའི་ནང་ཇའི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་། དེ་ནས་ཁོང་གིས་གླུ་ཆུང་ལེན་ཞོར་དུ་ཁང་པ་གསར་པར་བསྡུ་གསོག་རྒྱག་འགོ་བརྩམས།

    ཆུ་ཚོད་བཅུ་གཉིས་ཟིན་སོང་།

    ཆོས་འཕེལ་གྱིས་དཀར་གཙང་མཇལ་དར་ཁྱེར་ཏེ་བསྒམ་ནན་དང་བཅས་སྡོད་ཁང་གསར་པའི་སྒོ་འཛུལ་བ་དང་། ཉི་མ་ཚེ་རིང་གིས་ཁ་གདན་མཐུག་པོ་ཞིག་ཁྱེར་ནས་ཕའི་རྗེས་སུ་འབྲངས། “པཱ་ལགས། ཨ་མ་ལགས། འདི་ཁང་པ་གསར་པའི་ནང་བསྐོལ་བའི་ཇ་ཕུད་ཡིན་པས། ཚ་པོར་མཆོད་དང”ཞེས་ཕུར་བུས་རླངས་པ་འཚུབ་འཚུབ་ཀྱི་ཇ་སྲུབས་མ་བཏེགས་ཏེ་ཁོང་གཉིས་ལ་བསུ་བ་ཞུས་པ་དང་། སེམས་འགུལ་ཐེབས་དྲགས་པའི་དབང་གིས་འདར་སྐད་ཀྱང་ཐོན་འོང་།

    ཆོས་འཕེལ་གྱིས་རྩིག་ཟུར་གྱི་གྱང་ལ་རེག་བཞིན་དུ། “ཁང་པ་འདིའི་རྩིག་རྨང་གཏིང་རིང་པོ་དྲུས་ཡོད་པ་དང་། ལྕགས་ཧྲེང་སྦོམ་པོ་ཤ་སྟག་བཏང་བ་མ་ཟད། ས་ཕག་ཀྱང་ཞིབ་ཚགས་ངང་བདམས་པ་ཤ་སྟག་རེད”ཅེས་བརྗོད། དེ་སྔོན་ཁོང་ཁྱིམ་གྱི་ས་ཕག་གི་སྡོད་ཁང་དེ་ཆོས་འཕེལ་རང་ཉིད་ཀྱིས་བརྒྱབ་པ་ཡིན་སྟབས། ཁོང་གིས་ད་ཆའི་ཁང་པ་གསར་པ་ཡག་པོ་གང་འདྲ་ཡོད་མེད་གསལ་པོར་ཤེས་ཀྱི་ཡོད། “རྒྱལ་ཁབ་ནས་ང་ཚོར་ཁང་པ་ཡག་པོ་འདི་འདྲ་ཞིག་བརྒྱབ་གནང་བྱུང་། ཕྱིས་འབྱུང་ང་ཚོས་རང་ཉིད་ལ་བརྟེན་ནས་སྡོད་ཁང་གསར་པར་འཛིན་ཆས་ཡག་པོ་བསྒྲིགས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དགོས”ཞེས་ཆོས་འཕེལ་གྱིས་ཡངས་ཤིང་དཀར་ཆ་དོད་པའི་ཚོམས་ཆེན་དུ་ཇ་སྲུབས་མ་འཐུང་བཞིན་རང་གི་མྱོང་བ་གླེང་།

    ཚེས་14ཉིན་གྱི་མཚན་མོར། ནང་མི་རྒན་གཞོན་ཚང་མ་སྐབས་འཕྲལ་གྱི་སྟབས་བདེའི་ཁང་པའི་ནང་སྒོར་སྒོར་དུ་བསྡད་དེ། དགའ་ཚོར་ཆེན་པོས་སྡོད་ཁང་གསར་པའི་ནང་འཛིན་ཆས་ཇི་ལྟར་སྒྲིག་མིན་ཐད་འཆར་གཞི་ཡང་ཡང་འདིང་བཞིན་མཆིས།

    མིག་ལ་མཆི་ཞག་འཁོར་བའི་ཆོས་འཕེལ་གྱིས། “ས་ཡོམ་བརྒྱབ་ནས་ཁང་པ་བརྡིབས་པའི་སྐབས་དེར། སྒེའུ་ཁུང་ཆེན་པོ་འདི་འདྲ་ཡོད་པའི་ཁང་པའི་ནང་སྡོད་ཐུབ་ཡོང་བསམ་པ་གཉིད་ལམ་དུའང་འཁོར་མྱོང་མེད”ཅེས་བརྗོད། གེགས་རྗེས་ཀྱི་གྱང་རོ་ནས་སྟབས་བདེའི་ཁང་པའི་ནང་བསྡད་དེ་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྒུག་བྱེད་པའི་བར་དང་། དེ་ནས་དཀར་ཆ་དོད་ལ་སྤུས་དག་པའི་སྡོད་ཁང་གསར་པ་རེ་རེ་བཞིན་མིག་མདུན་དུ་འཆར་བའི་བར། སྡོད་ཁང་བསྐྱར་སྐྲུན་མགྱོགས་པོ་དེ་འདྲ་ཐུབ་ཡོང་བསམ་པ་ཆོས་འཕེལ་གྱི་བསམ་ཡུལ་ལས་ཡོངས་སུ་འདས་ཤིང་། ཁོང་གིས། “གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པས། ཏང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

    ཁྱིམ་མཚེས་ཚོའི་དགོད་སྒྲ་དང་བྱིས་པ་ཚོ་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་སྐད་སྒྲ་ཅིག་ཅར་དུ་གྲགས་པས། གྲོང་ཚོའི་སྲང་ལམ་དུའང་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན། ཡུལ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་པང་ཁར་ཁ་གདན་དང་ཉལ་ཆས་ཁྱེར་བ་དང་། ལག་ཏུ་ཇ་དམ་དང་ཧུའུ་སོགས་ཁྱེར་ནས་རང་རང་གི་སྡོད་ཁང་གསར་པའི་ཕྱོགས་སུ་སྐྱོད་བཞིན་མཆིས། ལོ་84ལ་སླེབས་པའི་སྤོ་བོ་བློ་བཟང་གིས་ཁོད་སྙོམས་པའི་ཨར་འདམ་ལམ་གསར་པ་བརྒྱུད་དལ་གྱིས་མདུན་ཕྱོགས་སུ་བསྐྱོད་ནས། སྡོད་ཁང་གསར་པ་དང་འགྲོ་ལམ་གསར་པར་ཞིབ་པར་བལྟས་ཏེ། “གྲོང་ཚོ་འདི་འདྲའི་གཙང་ཞིང་གྲལ་འགྲིག་པོར་འགྱུར་ཡོང་བསམ་བསམ་མ་བྱུང་། དངོས་གནས་ཧ་ཅང་ཡག་པོ་འདུག”ཅེས་བཤད།

    གེགས་རྗེས་བསྐྱར་སྐྲུན་བྱེད་འགོ་བཙུགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས་འཐབ་ས་མདུན་མར་བཀོད་འདོམས་པུའུ་བཙུགས་པ། ཏང་ཡོན་དང་ལས་བྱེད་པ་ཁྲི་གཅིག་ཙམ་འཐབ་ས་དང་པོར་བསྐྱོད་པ། གྲོང་ཚོ་འགན་ལེན་ལས་བྱེད་པ་836གིས་ཉིན་མཚན་བལྟོས་མེད་ངང་ལས་ཡུལ་དུ་བཅའ་སྲུང་བཅས་བྱས་ཡོད། བཀོད་འདོམས་པུའུ་ཡིས་ལས་བཟོ་སྒྲིག་འཛུགས་ཀྱིས་རེས་མོས་ངང་ལས་སྒྲུབ་བྱེད་པ་དང་། ཨར་སྐྲུན་རྒྱུ་ཆ་འགན་ལེན་ཚོགས་ཆུང་གིས་རྒྱུ་ཆ་སྔོན་ནས་གྲ་སྒྲིག་བྱེད་པ། སྤུས་ཚད་ལྟ་སྐུལ་ཚོགས་ཆུང་གིས་ཉིན་མཚན་ཀུན་ཏུ་ལས་གནས་བརྟན་སྲུང་སོགས་བྱས་པས། ཟླ་8ཚེས་15ཉིན་བར། གཞིས་རྩེར་གནོད་འཚེ་ཕོག་པའི་དུད་ཚང་2578ཀྱི་མང་ཚོགས་12139སྡོད་ཁང་གསར་པར་སྤོས་ཡོད། སྔོན་དཔག་བྱས་ན་ཟླ་10པའི་ཟླ་མཇུག་ཏུ། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོས་ནས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་རྒྱུ་རེད། “ང་ཚོས་ཐོན་ལས་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་དེ་གའི་མང་ཚོགས་རྒྱུན་མཐུད་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་གི་ཡིན”ཞེས་གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲེ་ཀྲང་གཞོན་པ་བསོད་ནམས་དར་རྒྱས་ཀྱིས་བཤད།

    ཡུལ་མི་ཉི་མ་ཚེ་རིང་གི་ནང་མི་ཚོ་དཀར་ཆ་དོད་པའི་ཚོམས་ཆེན་དུ་བརྙན་འཕྲིན་ལྟ་བཞིན་ཡོད་ལ། ཁྱིམ་གྱི་སྒོ་འགྲམ་གྱི་གྲོང་ཚོའི་ལོ་རྒྱུས་ཁང་གི་ཐང་ཆེན་དུ་ཡུལ་མི་ཚོས་དགའ་སྤྲོའི་ངང་སྒོར་གཞས་འཁྲབ་བཞིན་མཆིས། ཆོས་འཕེལ་གྱིས་སྒེའུ་ཁུང་གི་ཤེལ་སྒོ་ནས་རྒྱང་རིང་ཞིང་ནང་གི་ནས་དང་པད་ཁ་དག་ལ་ལྟ་བཞིན“ཟླ་ཤས་སོང་རྗེས་ལོ་ལེགས་ཀྱི་གཏམ་བཟང་གྲགས་སྲིད་པས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།