སྤྱི་ཁོག་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བ།
འགག་རྩའི་ཐ་སྙད་ལྔ་ཡི་ཐོག་ནས་ཟླ་བ་བདུན་པའི་དཔལ་འབྱོར་འཕེལ་ཚུལ་གསལ་པོར་མངོན་པ།
ཟླ་8ཚེས་15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་སྤྱི་ཁྱབ་དཔལ་འབྱོར་ལག་རྩལ་ཆེ་མོ་བ་ཧྥུའུ་ལིན་ཧུའེ་ཡིས་ཟླ་བདུན་པའི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ངོ་སྤྲོད་བྱས།
ཟླ་བདུན་པའི་དམིགས་ཚད་གཙོ་བོའི་རིམ་རྩིས་འཕར་ཚད་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་བྱུང་ཡོད། “དཔལ་འབྱོར་འཁོར་སྐྱོད་བྱེད་སྐབས་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་སྔར་བཞིན་འཕྲད་ཡོད་མོད། འོན་ཀྱང་སྤྱི་ཁོག་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཕྱོགས་ཁག་གིས་ནུས་པ་ཧུར་ཐག་བཏོན་པ། ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཕྱིན་པ། ཁྲོམ་རའི་གསོན་ཤུགས་ཆེ་རུ་ཕྱིན་པ་བཅས་ལས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད”ཅེས་ཧྥུའུ་ལིན་ཧུའེ་ཡིས་བཤད།
ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ།
ཟླ་བདུན་པར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་9.3%འཕར་ཡོད།
“འདི་ལོ་ཚུན་དུ་རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ནུས་གསར་པ་བསྣན་ཡོད”ཅེས་ཧྥུའུ་ལིན་ཧུའེ་ཡིས་བཤད།
གསར་དར་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ཞིང་། འདི་ལོ་ཚུན་དུ་ལག་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་ཅུང་མཐོ་བའི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱུང་ཡོད། ཟླ་བདུན་པར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་9.3%འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་འཕར་སྣོན་རིན་ཐང་ལས་བརྒྱ་ཆའི་གྲངས་3.6གིས་མགྱོགས་པ་ཡོད།
ལྗང་མདོག་འཕེལ་རྒྱས་སྤུས་འབྲས་ལེགས་གཉེར་བྱུང་ཞིང་། ཟླ་བདུན་པར་ནུས་གསར་རླངས་འཁོར་དང་། ལིས་གྱེས་རྡུལ་གློག་རྫས། རླུང་ཤུགས་གློག་འདོན་འཕྲུལ་ཚན་བཅས་ཀྱི་ཐོན་འབོར་17.1%དང་། 29.4% 19.3%བཅས་སོ་སོར་འཕར་བ་དང་། ལྗང་མདོག་ཐཱན་ཉུང་ཐོན་རྫས་ཀྱི་ཐོན་འབོར་མགྱོགས་མྱུར་འཕར་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཆ་མངོན་པ།
ཟླ་བདུན་པར་དངོས་ཟོག་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་8%འཕར་ནས་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.8ཀྱིས་མགྱོགས་པ་ཡོད།
ཟླ་བདུན་པར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཚུངས་ལས་6.7%འཕར་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.5ཡིས་མགྱོགས་སུ་ཕྱིན་ཡོད། དེའི་ནང་དངོས་ཟོག་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་8%འཕར་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.8ཀྱིས་མགྱོགས་སུ་ཕྱིན་ནས་ཟླ་གཉིས་བསྟུད་མར་མགྱོགས་སུ་སོང་བ་དང་། དངོས་ཟོག་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་4.8%འཕར་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་2.4ཡིས་མགྱོགས་སུ་ཕྱིན་ཏེ་ཟླ་གཉིས་བསྟུད་མར་འཕར་ནས་མཉེན་ཆ་དང་གསོན་ཤུགས་ཆེ་ཙམ་མངོན་ཡོད།
འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ།
ཟླ་དང་པོ་ནས་བདུན་པའི་བར་ཞབས་ཞུའི་སིལ་འཚོང་དངུལ་འབོར་དུས་མཚུངས་ལས་5.2%འཕར་ཡོད།
ཟླ་བདུན་པར་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་འཚོང་བསྡོམས་འབོར་དུས་མཚུངས་ལས་3.7%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.1ཆག་ཡོད། ཟླ་དང་པོ་ནས་བདུན་པའི་བར་ཞབས་ཞུའི་སིལ་འཚོང་གྲངས་འབོར་དུས་མཚུངས་ལས་5.2%འཕར་ཡོད།
རྙིང་པ་གསར་པར་བརྗེ་བའི་ཁྱབ་ཁོངས་ཆེ་རུ་བཏང་བས་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་མངོན་ཞིང་། ཟླ་བདུན་པའི་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་དང་། སྒྲ་བརྙན་ཡོ་བྱད་རིགས། ཁྱིམ་ཆས་རིགས། འཕྲིན་གཏོང་ཡོ་བྱད་རིགས་བཅས་ཚོང་ཟོག་གི་སིལ་འཚོང་གྲངས་འབོར་དུས་མཚུངས་ལས་28.7%དང་། 20.6% 14.9%བཅས་སོ་སོར་འཕར་ནས་ཚོང་ཟོག་གི་ཕྱིར་འཚོང་འཕར་བར་མུ་མཐུད་འདེགས་སྐྱོར་བྱས་ཡོད།
དབྱར་གསེང་སྐབས། གྲོང་མི་ཡུལ་སྐོར་ལ་འགྲོ་བའི་དགོས་མཁོ་གཅིག་སྡུད་ངང་མངོན་ནས་རིག་གནས་ཡུལ་སྐོར་སྤྲོ་གསེང་སོགས་འབྲེལ་ཡོད་འཛད་སྤྱོད་ཅུང་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་བདུན་པའི་བར་ཡུལ་སྐོར་བློ་འདྲི་དང་བོགས་གཏོང་ཞབས་ཞུའི་རིགས་དང་། འགྲིམ་འགྲུལ་འགྲོ་སྐྱོད་ཞབས་ཞུའི་རིགས། ལུས་རྩལ་སྤྲོ་གསེང་ཞབས་ཞུའི་རིགས་བཅས་ཁྱབ་ཁོངས་ཀྱི་སིལ་འཚོང་གྲངས་འབོར་ཚང་མ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
མ་འཇོག་ལ་མི་མངོན་པའི་སྟོབས་ཤུགས་སྔར་བཞིན་ཧ་ཅང་ཆེན་པོ་ལྡན་པ།
ཟླ་དང་པོ་ནས་བདུན་པའི་བར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དོན་དངོས་ཐོག་4%ནས་5%ཙམ་འཕར་ཡོད།
མ་འཇོག་གཞི་ཁྱོན་གྱི་ཐད། རིན་གོང་གི་རྒྱུ་རྐྱེན་འཐེན་ཚེ། ཟླ་དང་པོ་ནས་ཟླ་བདུན་པའི་བར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དོན་དངོས་ཐོག་4%ནས་5%ཙམ་འཕར་ཡོད།
མ་འཇོག་གྲུབ་ཚུལ་གྱི་ཐད། བཟོ་སྐྲུན་ལས་རིགས་མ་འཇོག་བྱེད་ཚད་མགྱོགས་པོ་འཕར་ནས་ཟླ་དང་པོ་ནས་ཟླ་བདུན་པའི་བར་བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་དུས་མཚུངས་ལས་6.2%འཕར་བ་དེ་མ་འཇོག་ཡོངས་ཀྱི་འཕར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད། རྩེར་སོན་ལས་རིགས་ལ་མ་འཇོག་བྱེད་ཚད་ཆེ་རུ་ཕྱིན་པ་སྟེ། ཟླ་དང་པོ་ནས་ཟླ་བདུན་པའི་བར་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཁྲོད་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་དང་དེ་བཞིན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་། ཆ་འཕྲིན་ཞབས་ཞུའི་ལས་རིགས། རྩིས་འཁོར་དང་གཞུང་ལས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱི་མ་འཇོག་དུས་མཚུངས་ལས་33.9%དང་། 32.8% 16%བཅས་སོ་སོར་འཕར་ཡོད།
ཟོག་གོང་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ།
ཟླ་བདུན་པའི་CPIཟླ་བསྡུར་ཆག་པ་ནས་འཕར་བ།
ཟླ་བདུན་པར་རང་རྒྱལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་སྟེ། ཟླ་བསྡུར་ཆག་པ་ནས་འཕར་བ་དང་ལྟེ་བའི་CPI(གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས)ཡི་དུས་མཚུངས་ཀྱི་འཕར་ཚད་བསྟུད་མར་ཆེ་རུ་སོང་ཡོད།
ཞབས་ཞུ་དང་བཟོ་ལས་ཀྱི་འཛད་སྤྱོད་དངོས་ཟོག་གི་རིན་གོང་འཕར་བའི་སྐུལ་ཁྲིད་འོག ཟླ་བདུན་པར་CPIཟླ་བསྡུར་0.4%འཕར་བ་དང་། བཟའ་བཅའ་དང་ནུས་རྒྱུ་འཐེན་པའི་ལྟེ་བའི་CPIདུས་མཚུངས་ལས་0.8%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.1འཕར་བ་དེ་ཐོག་ནས། ཟླ་གསུམ་བསྟུད་མར་འཕར་ཚད་ཆེ་རུ་ཕྱིན་ནས་ཁྲོམ་རའི་མཁོ་སྤྲོད་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་མངོན་ཡོད།
ཧྥུའུ་ལིན་ཧུའེ་ཡིས་དབྱེ་ཞིབ་བྱས་དོན། ལྟེ་བའི་CPIཡི་དུས་མཚུངས་ཀྱི་འཕར་ཚད་བསྟུད་མར་ཆེ་རུ་ཕྱིན་པ་དེ་གཙོ་བོ་འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་ནུས་ལྡན་བྱས་པར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རིམ་བཞིན་ཐོན་ཏེ་རིན་གོང་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་སོང་བ་ལས་བྱུང་བ་རེད། དུས་མཚུངས་སུ“ནང་འདྲིལ་རྣམ་པའི”འགྲན་རྩོད་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་དེས་ཀྱང་རིན་གོང་འཕར་རྒྱུར་སྐུལ་འདེད་བཏང་ཡོད།
ཟླ་བདུན་པར་ནུས་རྒྱུ་འཐེན་པའི་བཟོ་ལས་ཀྱི་འཛད་སྤྱོད་དངོས་ཟོག་གི་རིན་གོང་དུས་མཚུངས་ལས་1.2%འཕར་བ་དང་། འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2མང་དུ་སོང་བ་དང་ཟླ་གསུམ་བསྟུད་མར་འཕར་ཚད་ཆེ་རུ་ཕྱིན་ཡོད་ཅིང་། དེའི་ནང་རླངས་སྣུམ་རླངས་འཁོར་ཆུང་གྲས་དང་ནུས་གསར་རླངས་འཁོར་ཆུང་གྲས་ཀྱི་རིན་གོང་ནི་ཟླ་བསྡུར་ཆག་པ་ནས་སྙོམས་པོར་གྱུར་ཏེ་རིན་གོང་ཆག་པའི་གནས་སྟངས་བཀག་ཡོད།
ཁེ་ལས་ཀྱི་སྔོན་དཔག་ནས་བལྟས་ན། ཟླ་བདུན་པར་ཞབས་ཞུ་ལས་རིགས་ཀྱི་ལས་སྒོའི་སྔོན་དཔག་སྟོན་གྲངས་56.6ཡིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.6འཕར་ནས་56%ཟིན་པ་དང་དེ་ཡན་གྱི་དར་རྒྱས་ཆེ་ཙམ་གྱི་མཚམས་སུ་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།