2025ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བ།
ད་ལོ་ནི་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བཏོན་ནས་ལོ་ངོ་20འཁོར་བའི་ལོ་ཡིན་པ་དང་། ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐེངས་གསུམ་པ་དེ་རེད། ཚེས་15ཉིན་གྱི་སྔ་དྲོར། 2025ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷ་སར་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་། སྐྱེ་ཁམས་ཤེས་དཔལ་གྱི་གྲུབ་འབྲས་གལ་ཆེན་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པ”ཡི་ཚུན་དུ། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་དང་ཐཱན་ཉུང་གི་འཕེལ་རྒྱས་སྲིད་ཇུས་རབ་དང་རིམ་པ་བཟོས་པ་བརྒྱུད། 2024ལོར་ནུས་རྒྱུའི་བེད་སྤྱོད་ལས་ཕྱོད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། ལྗང་མདོག་ནུས་རྒྱུ་གསར་སྤེལ་བེད་སྤྱོད་ཐད། ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2900ལས་བརྒལ་བ་དང་། ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་བཟུང་ཚད་96%ལས་བརྒལ་ཏེ། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱི་བཟུང་ཚད་མཐོ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད། 2024ལོར། ཞིང་ཆེན་16ལ་ལྗང་མདོག་གློག་ཤུགས་བསྡོམས་ཆུ་ཚོད་ཆན་ཝ་དུང་ཕྱུར་18.15མཁོ་འདོན་བྱས་པ་དང་ཆབས་ཅིག ལེགས་ལྡན་ཐོན་ལས་ཀྱི་ལྗང་མདོག་ཕྱོགས་སྒྱུར་དང་། ལྗང་མདོག་འཛུགས་སྐྱོང་། ལྗང་མདོག་འགྲིམ་འགྲུལ། སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་གྲོན་ཆུང་སོགས་ཁྱབ་ཁོངས་སུ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
ཟླ་8ཚེས་15ཉིན། རང་ལྗོངས་ཀྱི་ས་གནས་ཁག་གིས་ཀྱང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།