དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐལ་བཟང་བུ་ཁྲིད་ཀྱིས་བརྗོད་དོན།

    “སྡོད་ཁང་གསར་པར་མགྱོགས་པོ་དེ་འདྲ་སྤོ་ཐུབ་ཡོང་བསམ་བསམ་མ་བྱུང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-18

    ཟླ་8ཚེས་15ཉིན། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གཞོང་སྨད་ཤང་རྩྭ་སྐོར་གྲོང་ཚོའི་མང་ཚོགས་ཀྱིས་སྡོད་ཁང་གསར་པར་སྤོ་བའི་བཀྲ་ཤིས་པའི་ཉིན་མོ་བསུས་པ་རེད། ཁོང་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་འཛིན་ཆས་སྒྲིག་པའམ། ཡང་ན་སྲོལ་རྒྱུན་གྱི་ཁང་གསོལ་མཛད་སྒོའི་གྲ་སྒྲིག་བྱས་ཏེ། མི་འཕྲད་རིམ་བཞིན་ཕན་ཚུན་དབར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    རྨོ་བོ་སྐལ་བཟང་བུ་ཁྲིད་ཀྱིས་ལུས་ལ་སྣམ་བུའི་གཟབ་སྤྲོས་སྤྲས་ཏེ། སྨི་ངོས་གྲུ་160ཡོད་པའི་ཁང་པ་གསར་པར་བྲེལ་བརྩོན་ཆེན་པོས་ལྕོག་རྩེར་ཕྱི་བདར་རྒྱག་པ་དང་། འཐུང་བྱ་སྒྲིག་པ། གད་འཕྱིས་རྒྱག་པ་སོགས་བྱེད་བཞིན་མཆིས། ཁོང་གིས། “ཁང་པ་མཐོང་མ་ཐག་དགའ་ཚོར་ཆེན་པོ་སྐྱེས་བྱུང་ལ། མགྱོཌ་པོ་དེ་འདྲ་སྤོ་ཐུབ་ཡོང་བསམ་བསམ་མ་བྱུང་། དངོས་གནས་རྨི་ལམ་རང་རེད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    རི་གཤམ་དུ་རྩྭ་སྐོར་གྲོང་ཚོའི་གནས་ཡུལ་རྙིང་པ་ཡོད་པ་དང་ཁང་པ་ཕལ་ཆེ་བ་ས་ཕག་ཁང་པ་ཡིན་ཞིང་། སྟར་སྦྲེལ་དུ་ཆགས་པས་བསྐྱར་སྐྲུན་བྱེད་དགོས་བསམ་ཀྱང་དཀའ་ངལ་ཆེན་པོ་ཡོད། “ངའི་ཁྱིམ་ནི་ཀོང་སར་ཡོད་པས་ཆར་པ་བབས་མ་ཐག་ཁང་པའི་སྒོ་ཁར་ཆར་ཆུ་འཁྱིལ་ནས་སྒོ་རའི་ནང་འཛུལ་བ་དང་དགོང་མོ་ཆར་པ་བབས་ཚེ་ཁྱིམ་མཚེས་གཞན་གཉིད་ཁུག་དུས་ང་ཚོ་ཡར་ལངས་ནས་སྒོ་རའི་ནང་གི་འཁྱིལ་ཆུ་གཤོངས་དགོས་ཀྱི་ཡོད”ཅེས་སྐལ་བཟང་བུ་ཁྲིད་ཀྱིས་བཤད་པ་དང་། གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་རྗེས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་ཤང་གི་ལམ་འགྲམ་དུ་སྤོས་ཚེ་འགྲོ་སྐྱོད་སྟབས་བདེ་བའི་ཁར་སྒོ་རའང་རྒྱ་ཆེན་པོ་ཡོང་རྒྱུ་རེད་ཅེས་མགྲིན་གཅིག་ཏུ་བཤད་ཡོད།

    ཉིན་ཤས་གོང་། མང་ཚོགས་ཀྱི་ཁང་པ་བསྐྲུན་རྗེས་སྐལ་བཟང་བུ་ཁྲིད་གཅིག་པུ་ཨར་སྐྲུན་བྱ་ཡུལ་དུ་ཡོང་ནས་རང་ཁྱིམ་གྱི་ཁང་པ་གསར་པར་ལྟ་ཙམ་བྱེད་དགོས་སྙམ་མོད། འོན་ཀྱང་སྐབས་དེ་དུས་ཁང་པར་སྒོ་ལྕགས་བརྒྱབ་སྟབས་སྒེའུ་ཁུང་ནས་ཁང་པ་གང་འདྲ་ཡོད་མེད་བལྟས་པ་དང་། ཟླ་8ཚེས་14ཉིན་བུ་དང་མནའ་མས་སྟ་གོན་བྱས་ཏེ་ནང་མི་ཚང་མ་ཁང་པ་གསར་པར་སྤོས།

    སྒོར་འཛུལ་རྗེས་སྐལ་བཟང་བུ་ཁྲིད་ཀྱིས་འཕྲལ་མ་ཉིད་དུ་ཁང་པ་ཚང་མར་ལྟ་ཙམ་བྱས་རྗེས་མཛེས་བཟོ་ཇི་ལྟར་བྱེད་པའི་སྐོར་བུ་དང་མནའ་མར་གྲོས་བསྡུར་བྱས་པ་དང་སྐལ་བཟང་བུ་ཁྲིད་ཀྱིས“ཁང་པ་དཀར་ཆ་དོད་ལ་སྤུས་ཀའང་ཧ་ཅང་ཡག་པོ་ཡོད་པ་མཐོང་སྐབས་གཞི་ནས་བློ་བདེ་པོའི་ངང་གཉིད་ཁུག་རྒྱུ་ཡོད་ལ་ས་ཡོམ་ལའང་སྐྲག་དོན་མེད་སྙམ་བྱུང”ཞེས་བཤད།

    གེགས་རྗེས་བསྐྱར་སྐྲུན་བྱེད་རིང་། སྐལ་བཟང་བུ་ཁྲིད་ཀྱི་བུ་དང་། མནའ་མ། ཚ་བོ་བཅས་དེའི་ནང་ཞུགས་ཤིང་། བུས་རླངས་འཁོར་ཆེ་གྲས་དང་ཚ་བོས་ས་བླུག་འཕྲུལ་འཁོར་བཏང་བ་དང་མནའ་མས་ལག་གཡོག་བྱས་ཏེ་ཉིན་ལྟར་ཡོང་འབབ་ཆེན་པོ་གསོག་ཐུབ་ཀྱི་ཡོད། སྐལ་བཟང་བུ་ཁྲིད་ཀྱི་བུ་ནོར་བུ་རྡོ་རྗེས“ཁྱིམ་གཞིས་འཆར་འགོད་བྱེད་པ་ནས་མངོན་སུམ་དུ་འགྱུར་བ་མཐོང་སྐབས་གྲུབ་འབྲས་ཐོབ་སྣང་ཆེན་པོ་བྱུང་། ད་ཆ་ང་ཚོས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ནང་ཞུགས་པ་བརྒྱུད་ཡོང་འབབ་སྒོར་ཁྲི་17བྱུང་བ་དང་འདི་ལོ་སླར་ཡང་སྒོར་ཁྲི་20ལྷག་ཙམ་ཡོང་རེ་ཡོད”ཅེས་དགའ་ཚོར་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།