མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ཀྱིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེ་མོར”མཐུན་རྐྱེན་སྦྱོར་བ།
ཆང་ཞའོ་ཡུན།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་2001ལོར་བཙུགས་ཚུན། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་ནས། དེང་སྐབས་འཛམ་གླིང་གི་མངའ་ཁོངས་རྒྱ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་རྩ་འཛུགས་ཤིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་ཉིན་རེ་བཞིན་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ན་ནིང་ཟླ་7པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཁྱབ་ཁོངས་མང་པོར་ཁྱབ་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་བྱེད་སྒོ་ཁག་100ལྷག་ཙམ་ལག་ལེན་བསྟར་ཞིང་། དེ་དག་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་ཐེབས་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱུང་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་བུད་མེད་འཕེལ་རྒྱས་གཏོང་རྒྱུ་དེ་མཉམ་ལས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ནས་ཕོ་མོ་འདྲ་མཉམ་སྲུང་སྐྱོང་དང་། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་། བུད་མེད་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ནང་བུད་མེད་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 2017ལོའི་ཟླ་6པར་ཧ་སག་སི་ཐན་གྱི་ཨ་སི་ཐ་ནར་འཚོགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་གཙོ་གཉེར་བྱ་རྒྱུ་ཡིན་ལུགས་བཏོན་གནང་བ་དང་། 2018ལོ་ནས་བཟུང་གླེང་སྟེགས་དེ་བདེ་བླག་ངང་སྐབས་ལྔ་གཉེར་བ་རེད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་འགོ་ཁྲིད་པའི་གླེང་སྟེགས་དང“བུད་མེད་ཀྱི་མཐོང་སྣང་འོག་གི་ཧྲང་ཧའེ་མཉམ་ལས་རྩ་འཛུགས”ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་ཡང་སྔ་རྗེས་སུ་སྤེལ་བས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་བུད་མེད་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་བཀྲག་མདངས་གསར་པ་ཟམ་མི་ཆད་པར་འཚེར་ནས་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་ཕུལ་ཡོད། བུད་མེད་རིགས་གཅིག་མཁས་ཅན་དང་མཁས་དབང་དེ་བས་མང་བ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིབ་འཇུག་ནང་ཞུགས་ཏེ་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་རྩ་འཛུགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། གཏན་འཁེལ་མེད་པའི་རང་བཞིན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་འོག “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེ་མོའི”བུད་མེད་ཀྱིས་མཉམ་ལས་དར་སྤེལ་ཧུར་ཐག་བཏང་ནས་ཕྱོགས་ཁག་གི་ཁེ་ཕན་འདུས་གནས་འཚོལ་བར་འབད་བརྩོན་བྱེད་ཀྱི་ཡོད་ལ། རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་ཆབས་ཅིག་བུད་མེད་མཁས་དབང་དང་ལས་དོན་པས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེ་མོ”འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད་པ་བཅས་རེད།
མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལག་ལེན་བསྟར་བ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་འདོད་ཀྱི་རྨང་གཞི་དང་སྤྱི་ཚོགས་རྨང་གཞི་བརྟན་དུ་སོང་ཞིང་། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེ་མོ”འཛུགས་སྐྱོང་བྱེད་པར་རྒྱུན་ཆད་མེད་པར་མཐུན་རྐྱེན་སྦྱར་ཡོད། འདི་ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་དངོས་སྒྲུབ་ནུས་ཆེའི་བྱ་སྤྱོད་ལ་བརྟེན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དབར་གྱི“མཁྲེགས་ཆས་མཉམ་འབྲེལ”དང་། “མཉེན་ཆས་མཉམ་འབྲེལ”“སེམས་པ་མཉམ་འབྲེལ”བཅས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་དེ་ག་དང་འཛམ་གླིང་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་རྒྱུ་རེད། ཉེ་དུས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲིད་ཏང་གླེང་སྟེགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་སྨྱན་སྦྱོར་གྱི་མཉམ་ལས་གླེང་སྟེགས་སོགས་སྔ་རྗེས་སུ་གཉེར་ནས་ཕྱོགས་ཁག་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་ཐུབ་ཡོད།
འབྱུང་འགྱུར་ལ་ཁ་ཕྱོགས་ཚེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ་དང་། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སློབ་གསོ་དང་། བུད་མེད། རིག་གནས། རིག་མཛོད། སྨྱན་སྦྱོར། ཡུལ་སྐོར་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་སྒུལ་ཤུགས་ཆེན་པོ་སྣོན་དགོས།
(རྩོམ་པ་པོ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཧྲང་ཧའེ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་རྟེན་གཞིའི་ཞིབ་འཇུག་པ་ཡིན་པ)
འབྲེལ་ཡོད་གསར་འགྱུར།