གྱང་རོའི་ཤུལ་དུ་ཁྱིམ་གཞིས་གསར་པ་བསྐྲུན་པ།
དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཁག་དང་པོར་སྤོས་པའི་གནས་ཚུལ་བཀོད་པ།
འདི་ནི་དིང་རི་རྫོང་ཟིང་དཀར་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཡིན་པ།
ཟླ་8ཚེས་15ཉིན། ཡུལ་མི་ཚོ་སྔ་ས་ནས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་གསར་དུ་བསྐྲུན་པའི་ཐང་ཆེན་ཐོག་མཉམ་དུ་འཛོམས་པ་དང་མིག་ཟུང་ལས་རེ་སྒུག་དང་སྤྲོ་སྣང་གི་ཉམས་མདངས་མངོན།
ཉིན་དེར། ཐང་ཆེན་དུ་བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཁག་དང་པོར་སྤོ་བའི་མཛད་སྒོ་འཚོགས་པ་རེད། “ཡུལ་མིའི་འཐུས་མི་གར་སྟེགས་སུ་ལྡེ་མིག་ལེན་པར་ཡོང་རོགས” ཡུལ་མིའི་འཐུས་མིས་ཁང་པ་གསར་པའི་ལྡེ་མིག་མཚོན་པའི་བྱང་བུ་བླངས་པ་དང་བསྟུན་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཚོ་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱས་པའི་སྡོད་ཁང་གསར་པ་ཁག་དང་པོར་སྤོ་རྒྱུ་ཡིན་པ་རེད།
ཁྱིམ་དུ་ལོག་པའི་དུས་ཚོད་དེ་སྐྱིད་ཤོས་རེད།
མཛད་སྒོ་མཇུག་འགྲིལ་རྗེས། ཟིང་དཀར་གྲོང་ཚོའི་ཡུལ་མི་ཟླ་བ་ཚེ་རིང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་སྡོད་ཁང་གསར་པའི་ཕྱོགས་སུ་བསྐྱོད།
ཟླ་བ་ཚེ་རིང་གི་ཁྱིམ་ནི་གསར་དུ་བསྐྲུན་པའི་གྲོང་ཚོ་ཨུ་ལྷན་གྱི་འགྲམ་དུ་ཡོད་པ་དང་། ཁང་པ་དང་སྒོ་ར་ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པོ་ཡོད། “ངའི་ཁྱིམ་དུ་ནང་མི་6ཡོད། སྲིད་ཇུས་ལྟར་ན། ས་ཁྱོན་ལ་སྨི་ངོས་གྲུ་400དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་160ཟིན་པས་ཆེ་ཐག་ཆོད་འདུག”ཅེས་ཟླ་བ་ཚེ་རིང་གིས་གད་མོ་དགོད་ཀྱིན་བརྗོད། སྡོད་ཁང་བསྐྱར་སྐྲུན་བྱེད་སྐབས་གྲོང་ཚོ་ཧྲིལ་པོའི་བཀོད་པ་དང་བྱེད་ནུས་སོགས་དང་ཟུང་འབྲེལ་བྱས་ལ། མི་རིགས་ཀྱི་ཁྱད་ཆོས་ལའང་བརྩི་འཇོག་བྱས་ཏེ། ཁང་པའི་བཀོད་པ་མི་འདྲ་བ་ཁག་6ཇུས་འགོད་བྱས་ཡོད།
གསར་འགོད་པ་ཟླ་བ་ཚེ་རིང་དང་མཉམ་དུ་ཁོང་གི་ཁང་པ་གསར་པར་སྐྱོད་སྐབས། ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། མཛོད་ཁང་། གསང་སྤྱོད་བཅས་ཆ་ཚང་པོ་ཡོད་པ་དང་། ཚོམས་ཆེན་ནང་བོད་བཟོའི་ནང་ཆས་ཆ་ཚང་ཞིག་བསྒྲིགས་ཡོད་པ་མཐོང་བྱུང་། ད་དུང་སྟོང་ཆ་མི་ཉུང་བ་ཞིག་འདུག “སྔོན་ཆད་ཀྱི་ཁང་པ་རྙིང་པ་དང་བསྡུར་ན་ཁང་པ་གསར་པའི་སྤུས་ཚད་ལེགས་པ་མ་ཟད། བཀོད་པའང་མིའི་ཁམས་དང་མཐུན་པ་ཞིག་བྱས་འདུག་པས་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་། ལྷག་པར་དུ། ཁང་པའི་ནང་གསང་སྤྱོད་ཀྱང་ཡོད་པས། ཕྱིས་སུ་རྒན་རྒོན་དང་ཕྲུ་གུ་གཟུགས་པོ་བཀྲུ་བ་དང་གསང་སྤྱོད་ལ་འགྲོ་བར་དེ་བས་བདེ་འཇགས་དང་སྟབས་བདེ་རུ་ཕྱིན་འདུག”ཅེས་ཟླ་བ་ཚེ་རིང་གིས་བརྗོད།
ལྷ་རྩེ་རྫོང་གཞིས་ཆེན་ཤང་ཤར་ལ་སུག་ཁང་དཀར་སྐྱིད་གཤོང་རང་བྱུང་གྲོང་ཚོའི་ཡུལ་མི་གཡང་འཛོམས་དང་ཁོང་གི་བུ་མོ་སྒྲོལ་མས་སྡོད་ཁང་གསར་པའི་ནང་ཅ་དངོས་སྒྲིག་བཞིན་འདུག ཁང་པ་བཀོད་སྒྲིག་ལེགས་པོ་བྱུང་བ་མཐོང་སྐབས། ཁོང་གི་སེམས་ལ་སྤྲོ་བས་ཁེངས། གཡང་འཛོམས་ཀྱིས་གསར་འགོད་པར། ཉིན་གཉིས་གོང་ལྷ་རྩེ་རྫོང་ཚོང་དོན་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྱིམ་ཆས་ཁེ་ལས་འགའ་སྒྲིག་འཛུགས་བྱས་ཏེ། གྲོང་ཚོར་ཁྱིམ་ཆས་དང་གློག་ཆས་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་བསླེབས་སོང་། ངས་ཀྱང་དྲིལ་བསྒྲགས་དཔྱད་གཞི་ཁག་གཅིག་བླངས་ནས་ཁྱིམ་ཆས་གསར་པ་ཉོ་རྩིས་ཡོད་ཅེས་བརྗོད་བྱུང་། ཁོང་གིས“སྡོད་ཁང་གསར་པར་ཁྱིམ་ཆས་གསར་པ་བསྒྲིགས་དགོས། ད་ལྟ་སྒོར་7500བཏང་ན་སྒོར་ཁྲི་1རི་བའི་ཁྱིམ་ཆས་ཉོ་ཐུབ་པ་གོ་ཐོས་བྱུང་། དངོས་འབྲེལ་ཉོ་རིན་ཆོག་པ་ཞིག་འདུག”ཅེས་བརྗོད།
ཁང་བཟང་འགྲན་ཟླ་བྲལ་བ་འདི་གར་བསྐྲུན།
“གེགས་ཁུལ་གྱི་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཧུར་ཐག་སྐྲུན་དགོས” གེགས་རྗེས་སླར་གསོ་བསྐྱར་སྐྲུན་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དིང་རིའི་ས་ཡོམ་རིམ་པ་6.8སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བཅས་བྱས་ཏེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་མྱུར་ལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
“སྤུས་ཚད”ཨང་དང་པོར་བཞག་ནས་བློ་བདེའི་ལས་གྲྭ་སྐྲུན་པ།
“ང་ཚོའི་གྲོང་ཚོའི་ལས་བྱེད་པ་དང་། ‘གཉིས་ལྡན་དུད་སྦྲེལ’གྱི་འཐུས་མི། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱིས་ཨར་ལས་བྱ་ཡུལ་དུ་རེས་མོས་སྐོར་གཡེང་དང་ཨར་སྐྲུན་གྱི་སྤུས་ཚད་ལ་ལྟ་སྐུལ་བྱས་པ་ཡིན། གནད་དོན་ཤེས་རྟོགས་བྱུང་ཚེ་འཕྲལ་དུ་དག་ཐེར་བྱེད་ཀྱི་ཡོད”ཅེས་ལྷ་རྩེ་རྫོང་གཞིས་ཆེན་ཤང་ཤར་ལ་སུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་ཀྱིས་ཁང་པ་གསར་པའི་སྤུས་ཚད་ལ་གདེང་ཚོད་ཆེན་པོས་བཤད།
“འཕེལ་རིམ”ལ་དམ་འཛིན་བྱས་ཏེ་སེམས་དྲོད་ལས་གྲྭ་སྐྲུན་པ།
ཉིན་མོ་འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་ཤིང་། གྱང་རྩིག་པ་དང་ཐོག་ཁ་ཞིག་གསོ་སོགས་བྱེད་པ་དང་། མཚན་མོ་ཤིན་ཏུ་གསལ་བའི་གློག་འོད་འོག་ཨར་སྐྲུན་རྒྱུ་ཆ་བརྒྱུད་འདྲེན་དང་ཨར་འདམ་བདག་སྐྱོང་སོགས་བྱེད་ཀྱི་ཡོད། ཨར་ལས་འགོ་ཚུགས་པ་ནས་བཟུང་། ངམ་རིང་རྫོང་བསྟར་བརྒྱུད་ཤང་འབྲུག་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་འོས་མཚམས་བཅུ་བཞི་པའི་ཨར་ལས་རུ་ཁག་གི་འཕྲུལ་འཁོར་ཉིན་མཚན་མེད་པར་གཏོང་གི་ཡོད། “ཉིན་མཚན་ལྟོས་མེད”ཀྱི་ཨར་ལས་བྱེད་སྟངས་དེ་ལས་གེགས་རྗེས་བསྐྱར་སྐྲུན་གྱི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཡོད།
“བདེ་འཇགས”ལ་རྒྱུན་འཛིན་ལྷོད་མེད་བྱས་ཏེ་སེམས་བདེའི་ལས་གྲྭ་སྐྲུན་པ།
“ཨར་ལས་བྱེད་རིང་། བདེ་འཇགས་སྲུང་ཞྭ་ཡག་པོ་གྱོན་པ་དང་བདེ་འཇགས་སྐེ་རགས་ཡག་པོ་ཆིངས་དགོས”ཞེས་དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་ཨར་ལས་བྱ་ཡུལ་དུ་སྒྲ་དུང་ནས་བདེ་འཇགས་ཀྱི་དྲན་སྐུལ་ཡང་ཡང་བྱེད་བཞིན་ཡོད།
བདེ་འཇགས་ནི་ལས་གྲྭའི་རྣམ་གྲངས་ཀྱི་སྲོག་རྩ་ཡིན་པས། ཨར་ལས་བྱ་ཡུལ་དང་། གཙོ་གནད་ལས་སྒྲུབ། མེ་ཟོན་བདེ་འཇགས་དོ་དམ་སོགས་ཚང་མའི་བདེ་འཇགས་འགན་ལེན་བྱེད་དགོས། གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་བསོད་ནམས་དར་རྒྱས་ཀྱིས། ཨར་སྐྲུན་ཕྱོགས་དང་འབྲེལ་ཡོད་སྡེ་ཚན་གྱིས“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཕྱོགས་ཁག་གི་འགན་འཁྲི་ཕྱོགས་ཡོངས་ནས་ནན་པོ་དཀྲི་བ་དང་། བདེ་འཇགས་པ་དང་ལྟ་སྐུལ་པ་སོགས་འགག་རྩའི་ལས་གནས་ཀྱི་མི་སྣ་བཀོད་སྒྲིག་ཆ་ཚང་པོ་བྱེད་པ། ས་གནས་ས་ཐོག་གི་བདེ་འཇགས་དོ་དམ་བྱེད་ཐབས་དང་བདེ་འཇགས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ། བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བཅས་བྱས་ནས། ཨར་ལས་བྱ་ཡུལ་གྱི་བདེ་འཇགས་ལ་བརྟེན་ནས་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་ཡོང་བའི་འགན་ལེན་ཏན་ཏིག་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཏང་གི་བཀའ་དྲིན་རྒྱ་མཚོ་ལས་ཀྱང་ཟབ།
གྲོང་ཚོ་འགན་ལེན་ལས་བྱེད་པ་836རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བཅའ་སྡོད་བྱས་པ་དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཁྲི་1ཙམ་གྱིས་འཐབ་ས་དང་པོར་འབད་འཐབ་བྱས་པ་ལས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་དམིགས་ཚད་དང་ལས་འགན་ལྟར་མགྱོགས་མྱུར་སྤེལ་ཐུབ་པའི་འགན་ལེན་ནུས་ལྡན་ཐུབ་ཡོད།
གེགས་རྗེས་བསྐྱར་སྐྲུན་བྱ་ཡུལ་དུ་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱིས་ནུས་པ་བཏོན་པ་དང་རྒྱ་ཆེའི་ཏང་ཡོན་གྱིས་འགན་འཁུར་ནས་ལས་དོན་ཧུར་ཐག་སྤེལ་བ་དེ་ཏང་གིས་དམངས་ཀྱི་དོན་དུ་སྲིད་སྐྱོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
“ང་རང་ཆུང་དུས་ས་ཡོམ་ཐེངས་གཅིག་བརྒྱབ་པ་བརྒྱུད་མྱོང་བ་དང་སྐབས་དེར་རང་ཉིད་ལ་བརྟེན་པ་ལས་ཐབས་གཞན་མི་འདུག ད་ཆ་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དང་སྟོབས་ཆེན་གྱི་མེས་རྒྱལ་ང་ཚོའི་རྒྱབ་རྟེན་དུ་ཡོད་པས། ཟ་གོས་སྡོད་གསུམ་ཚང་མར་སེམས་ཁྲལ་མེད་པ་མ་ཟད། ད་དུང་ཁང་པ་ཡག་པོ་འདི་འདྲ་བསྐྲུན་སོང་། ཏང་གི་བཀའ་དྲིན་རྒྱ་མཚོ་ལས་ཀྱང་ཟབ”ས་སྐྱ་རྫོང་གཞོང་སྨད་ཤང་རྩྭ་སྐོར་གྲོང་ཚོའི་ལོ་71ལ་སླེབས་པའི་སྐལ་བཟང་བུ་ཁྲིད་ཀྱིས་རྒྱ་ཁྱོན་སྨི་ངོས་གྲུ་160ཡོད་པའི་སྡོད་ཁང་གསར་པའི་ནང་སྐར་ཆ་གཅིག་ཀྱང་སྡོད་ཁོམ་མེད་པར་ནང་ལས་བྱེད་བཞིན་མཆིས།
གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་ཡུལ་མིས“སྔོན་ཆད་ཁང་པ་བརྒྱབ་པར་རང་གིས་དངུལ་གཏོང་དགོས་ཀྱི་ཡོད། ད་ཆ་རང་ཉིད་ཀྱིས་ཁང་པ་བརྒྱབ་པར་ད་དུང་གླ་ཆ་ལེན་རྒྱུ་འདུག གནས་ཚུལ་འདི་འདྲ་དེ་སྔ་ཐོས་མྱོང་ཡང་མེད”ཅེས་སེམས་འགུལ་ཆེན་པོས་བརྗོད།
“ཁང་པ་གསར་པ་དེ་ང་ཚོའི་བསམ་ཚོད་ལས་ལེགས་པ་འདུག ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” “ཇ་དྭངས་འཐུང་སྐབས་ཁལ་མའི་དཀའ་ངལ་བརྗེད་མི་རུང”ཞེས་པ་ལ་སོགས། དགུན་གྱི་གྲང་ངར་མྱོང་མཁན་གྱིས་ཉི་མའི་དྲོ་སྐྱིད་ལྷག་པར་ཚོར། བབ་ཆགས་ཤིང་ཟོལ་མེད་ཀྱི་སྐད་ཆ་དེ་དག་ནི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བའི་བདེན་དཔང་ཞིག་རེད།
ཟླ་8ཚེས་15ཉིན་ཁག་དང་པོར་དུད་ཚང་2578སྡོད་ཁང་གསར་པར་སྤོས་པ་དང་། ཟླ་8ཚེས་20ཉིན་གོང་དུད་ཚང་1145གསར་དུ་སྤོ་རྒྱུ། ཟླ་བ་བཅུ་པའི་ཟླ་མཇུག་གོང་ཚང་མ་སྤོས་ཚར་བ་བྱ་རྒྱུ་བཅས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བསུ་བཞིན་ཡོད།
བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལ“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་མངོན་འགྱུར་བྱུང་ཡོད། ད་ཆ་ཉམས་ཆག་ཐོར་ཞིག་སོང་བ་ནས་ཁང་བཟང་སྟོང་གི་བར་དང་། སྟབས་བདེའི་ཁང་པ་ནས་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པའི་བར། གངས་ལྗོངས་ས་མཐོར“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”དམངས་འཚོའི་བྱ་གཞག་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།