རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་སྤྱི་འབོར་གྱི་60%བཟུང་བ།
གྲངས་གཞིའི་ཁེ་ལས་ཀྱི་གྲངས་འབོར་ཁྲི་40ལྷག་ཙམ་ཟིན་པ།
གསར་འགོད་པས་ཉེ་ཆར་རྒྱལ་ཁབ་གྲངས་གཞི་ཅུས་ནས་ཤེས་རྟོགས་བྱས་པར། ལོ་མང་རིང་རྒྱུན་མཐུད་འགག་སྒྲོལ་བྱས་པ་བརྒྱུད། གྲངས་འཛིན་ཁྱབ་ཁོངས་སུ་འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་བྱུང་ཡོད། རང་རྒྱལ་གྱི་མི་ཐབས་རིག་ནུས་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་མགྱོགས་མྱུར་འཕར་ནས་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་60%བཟུང་བ་དང་། མི་གཟུགས་འཕྲུལ་མི་དང་རིག་ནུས་མཐའ་སྣེ་སོགས་ཁྱབ་ཁོངས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ། འདུས་གྲུབ་གློག་ལམ་བཀོད་སྒྲིག་མགྱོགས་པོ་བྱས་པས་ཇུས་འགོད་དང་། བཟོ་སྐྲུན། ཐུམ་རྒྱག་ཚོད་ལྟ། རྒྱུ་ཆ། སྒྲིག་ཆས་བཅས་ལ་ཁྱབ་པའི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་གྲུབ་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ད་ལོའི་ཟླ་བ་དྲུག་པའི་ཟླ་མཇུག་བར་5Gསྦྲེལ་ཚུགས་ཀྱི་བསྡོམས་འབོར་ཁྲི་455ཟིན་པ་དང་ཀྲའོ་སྟོང་གི་དྲ་ཆེན་སྤྱོད་མཁན་དུང་ཕྱུར་2.26ཟིན་ནས་རྩིས་ནུས་ཀྱི་སྤྱིའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད།
རང་རྒྱལ་གྱི་གྲངས་གཞིའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཁྲོམ་རའི་བར་མཐོངས་ཆེ་རུ་ཕྱིན་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གྲངས་གཞི་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཞིབ་འཇུག་གྲངས་གཞི་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་གྲངས་གཞིའི་ཁེ་ལས་ཀྱི་གྲངས་འབོར་ཁྲི་40ལྷག་ཙམ་ཟིན་པ་དང་གྲངས་གཞིའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5.86ཟིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་117%འཕར་ཡོད། སྔོན་དཔག་བྱས་ན་འབྱུང་འགྱུར་ལོ་ཁ་ཤས་རིང་སྔར་བཞིན་འཕར་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་རྒྱུ་རེད། གྲངས་གཞི་སྔོག་འདོན་གཏིང་ཟབ་དང་མཉམ་འདྲེས་བེད་སྤྱོད་དང་རྩིས་ཐབས་རྩིས་ནུས་དང་གྲངས་གཞི་ཚད་མཐོའི་འདུས་གྲུབ་བཅས་ཁྱད་ཆོས་གཙོ་བོར་བྱས་པའི་ཐོན་ལས་སྐྱེ་ཁམས་ཤིག་འགྲུབ་བཞིན་ཡོད། ཚོད་རྩིས་བརྒྱབ་པར་གཞིགས་ན། 2024ལོར་ཁྲོམ་རར་ཞུགས་པའི་གྲངས་གཞིའི་ཁེ་ལས་ཀྱི་ཆ་སྙོམས་ཞིབ་འཇུག་གསར་སྤེལ་དང་མ་དངུལ་གཏོང་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་79%འཕར་ནས་ཐོན་ལས་འཁོར་འབྲེལ་གྱི་གསོན་ཤུགས་གསར་པ་རྒྱུན་མཐུད་ཆེ་རུ་སོང་ཡོད།
འབྲེལ་ཡོད་གསར་འགྱུར།