དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་རིམ་ངོས་ནས་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་དང་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ཐོག་མར་ལག་བསྟར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཆུས་ཀྲེ་ཧན།   |     སྤེལ་དུས།  2025-08-16

    ཟླ་8ཚེས་12ཉིན་ནོར་སྲིད་པུའུ་ཡིས་ཚོང་དོན་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་དང་མཉམ་དུ《མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་ནོར་སྲིད་སྐྱེད་གསབ་སྲིད་ཇུས་ལག་བསྟར་ཇུས་གཞི》དང《ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་པ་རེད། ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྡེ་ཚན་བཞིས་སྲིད་ཇུས་ཀྱི་དོ་གནད་ལ་གསལ་བཤད་ཞིབ་ཕྲ་བྱས་པ་སྟེ།

    སྐྱེད་གསབ་ཀྱི་ཁྱབ་ཁོངས་དང་སྐྱེད་གསབ་བྱེད་ཚད་ཇི་ཙམ་ཡོད།

    “གྲོང་མི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་དང་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་དངུལ་བུན་ལ་སྐྱེད་གསབ་སྲིད་ཇུས་ལག་བསྟར་བྱེད་པ་དེ་ནི་ཀྲུང་དབྱང་རིམ་ངོས་ནས་ལག་ལེན་བསྟར་ཐེངས་དང་པོ་རེད” ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ལིའོ་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ནང་སྐྱེད་གསབ་བྱ་ཡུལ་ནི་གྲོང་མི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ཁྲོད་དངོས་སུ་འཛད་སྤྱོད་ལ་སྤྱོད་པའི་ཆ་ཤས་ཡིན་པ་དེའི་ནང་སྒོར་ཁྲི་5མན་གྱི་རྒྱུན་གཏན་འཛད་སྤྱོད་དང་། དེ་བཞིན་སྒོར་ཁྲི་5དང་དེ་ཡན་གྱི་ཁྱིམ་སྤྱོད་རླངས་འཁོར་དང་། རྒན་གསོ་བུ་བཙའ། སློབ་གསོ་གསོ་སྦྱོང་། རིག་གནས་ཡུལ་སྐོར། སྡོད་ཁང་མཛེས་བཟོ། གློག་རྡུལ་ཐོན་རྫས། བདེ་ཐང་སྨན་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཡིན་པ་དང་། སྐྱེད་གསབ་བསྡུར་ཚད་ནི་བརྒྱ་ཆའི་གྲངས་1ཡིན་པ་སྟེ། མིག་སྔའི་ཚོང་ལས་དངུལ་ཁང་གི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་སྐྱེད་ཚད་ཆུ་ཚད་ཀྱི་1/3ཙམ་ཡིན་པ་དང་། སྲིད་ཇུས་ལག་བསྟར་གྱི་དུས་ཡུན་ལོ་གཅིག་ཡིན་པ་རེད།

    དཔེར་ན། འཛད་སྤྱོད་པས་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་སྒོར་ཁྲི་20སྤྱད་ནས་སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཡུན་ནང་སྡོད་ཁང་མཛེས་བཟོ་དང་ཁྱིམ་ཆས་ཉོ་སྒྲུབ་སོགས་བྱས་པ་དང་། གལ་ཏེ་འཛད་སྤྱོད་དངུལ་བུན་དེའི་ལོ་རེའི་སྐྱེད་ཀ་3%ཡིན་ན། སྐྱེད་གསབ་མེད་པའི་གནས་ཚུལ་འོག་ཁོང་གིས་ལོ་ཧྲིལ་པོར་དངུལ་བུན་གྱི་སྐྱེད་ཀ་སྒོར་6000སྤྲོད་དགོས་ཀྱི་ཡོད། འོན་ཀྱང་སྐྱེད་གསབ་སྲིད་ཇུས་ལོངས་སྤྱོད་བྱས་རྗེས་མཐོ་ཤོས་ལ་སྐྱེད་ཀ་སྒོར་2000གཅོག་གི་ཡོད།

    སྐྱེད་གསབ་ལོངས་སྤྱོད་བྱེད་པའི་ཆ་རྐྱེན་གང་དག་ཡོད།

    སྐྱེད་གསབ“ཤོག་ཆག”ལེན་འདོད་ན་ཆ་རྐྱེན་གང་དག་འཛོམས་དགོས། སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཡུན་ནང་བསྐྱར་ཟློས་རེ་ཞུ་བྱས་ཆོག་གམ། སྣོན་རྩིས་རྒྱག་ཆོག་གམ།

    ནོར་སྲིད་པུའུ་དངུལ་རྩ་སིའི་སི་ཀྲང་ཡུས་ཧུང་གིས་འཛད་སྤྱོད་དངུལ་བུན་གྱི་སྐྱེད་གསབ་སྲོག་ཤིང་ནི་འཛད་སྤྱོད་ངོ་མ་བྱེད་དགོས་པ་དེ་ཡིན། འདི་ལོའི་ཟླ་9པ་ནས་བཟུང་གི་ལོ་གཅིག་ནང་རྒྱུན་གཏན་འཚོ་བའི་གྲངས་འབོར་ཉུང་བའི་འཛད་སྤྱོད་ཡིན་ནའང་འདྲ། ཡང་ན་རླངས་འཁོར་ཉོ་བ་དང་། སྡོད་ཁང་མཛེས་བཟོ་སོགས་གྲངས་འབོར་ཅུང་ཆེ་བའི་ཚོང་ཟོག་འཛད་སྤྱོད་ཡིན་ནའང་འདྲ། ཡང་ན་ཡུལ་སྐོར་དང་རྒན་གསོ་སོགས་ཞབས་ཞུའི་འཛད་སྤྱོད་ཡིན་ནའང་འདྲ། འབྲེལ་ཡོད་ལས་ཁུངས་ནས་འཛད་སྤྱོད་དངུལ་བུན་ཐོབ་ཚེ། དེའི་ནང་དངོས་སུ་འཛད་སྤྱོད་འགྲོ་སོང་ལ་སྤྱོད་པའི་ཆ་ཤས་ཚང་མར་སྐྱེད་གསབ་ཀྱི་རྒྱབ་སྐྱོར་ལོངས་སུ་སྤྱོད་ཆོག སྒོར་ཁྲི་5མན་གྱི་འཛད་སྤྱོད་རྐྱང་པར་དོན་དངོས་ཀྱི་དངུལ་གྲངས་གཞིར་བཟུང་སྐྱེད་གསབ་རྩིས་རྒྱག་པ་དང་། དངུལ་བུན་མང་པོ་སྣོན་རྗེས། དངུལ་བུན་གཏོང་སའི་ལས་ཁུངས་གཅིག་ནས་མཐོ་ཤོས་ལ་སྐྱེད་གསབ་སྒོར་1000ལོངས་སུ་སྤྱོད་ཆོག སྒོར་ཁྲི་5ཡན་གྱི་འཛད་སྤྱོད་རྐྱང་པར་སྒོར་ཁྲི་5ཚད་གཞི་མཐོ་ཤོས་སུ་བྱས་ནས་སྐྱེད་གསབ་རྩིས་རྒྱག་གི་ཡོད་ལ། ཐེངས་མང་པོ་སྣོན་ཆོག དེའི་ཐོག་གྲངས་འབོར་ཉུང་བའི་འཛད་སྤྱོད་ཀྱི་སྐྱེད་གསབ་བྱས་རྗེས། དངུལ་བུན་གཏོང་སའི་ལས་ཁུངས་གཅིག་ནས་མཐོ་ཤོས་ལ་སྐྱེད་གསབ་སྒོར་3000ལོངས་སུ་སྤྱོད་ཆོག

    ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་དངུལ་བུན་གྱི་སྐྱེད་གསབ་གཙོ་བོ་ནི་དངུལ་བུན་གྱི་མ་དངུལ་གཉེར་སྐྱོང་བྱེད་སྒོར་སྤྱོད་རྒྱུ་དེ་ཡིན། འདི་ལོའི་ཟླ་3ཚེས་16ཉིན་ནས་ལོ་མཇུག་བར། དངུལ་ཁང་དང་དངུལ་བུན་གྱི་གན་རྒྱ་བཞག་པ་མ་ཟད། དངུལ་བུན་གྱི་མ་དངུལ་རག་པའི་གོང་གསལ་གྱི་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ་རིགས་བརྒྱད་ཚང་མར་རིང་ཤོས་སུ་ལོ་གཅིག་གི་སྐྱེད་གསབ་ལོངས་སུ་སྤྱོད་ཆོག་པ་དང་། དངུལ་བུན་གྱི་དུས་ཡུན་ལོ་གཅིག་མ་ཟིན་ན་དུས་ཡུན་དངོས་ལྟར་སྐྱེད་གསབ་བྱེད་དགོས།

    བཀོལ་སྤྱོད་གོ་རིམ་ཅི་འདྲ་རེད།

    མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གཡར་མཁན་གྱིས་དངུལ་བུན་གྱི་གན་རྒྱ་འཇོག་སྐབས། དངུལ་བུན་སྒྲུབ་གཉེར་ལས་ཁུངས་ལ་འབྲེལ་ཡོད་དབང་ཆ་སྤྲད་ནས་དངུལ་བུན་བཏང་བའི་རྩིས་ཁྲའམ་ཡང་ན་གཏན་འཁེལ་བྱས་པའི་རྩིས་ཁྲའི་ཉོ་ཚོང་ཆ་འཕྲིན་ངོས་འཛིན་བྱེད་ཆོག་པ་དང་། དེ་རྗེས་དངུལ་བུན་སྒྲུབ་གཉེར་ལས་ཁུངས་ཀྱིས་སྲིད་ཇུས་ནང་གཏན་འབེབས་བྱས་པའི་སྐྱེད་གསབ་ཀྱི་བསྡུར་ཚད་དང་སྐྱེད་གསབ་ཀྱི་ཚད་བཀག་སོགས་ཀྱི་བླང་བྱ་ལྟར། ནོར་སྲིད་ཀྱི་སྐྱེད་གསབ་དངུལ་གྲངས་རྩིས་རྒྱག་དགོས་པ་དང་། དུས་བཀག་ལྟར་དངུལ་བུན་གྱི་སྐྱེད་ཀ་བསྡུ་སྐབས་ནོར་སྲིད་ཀྱིས་འཁུར་བའི་སྐྱེད་གསབ་མ་དངུལ་ཐད་ཀར་འཐེན་གྱི་ཡོད། དངུལ་བུན་གཡར་མཁན་གྱིས་འཕྲིན་ཐུང་དང་ལག་ཐོགས་ཁ་པར་གྱི་APPསོགས་བརྒྱུད་དེ་ནོར་སྲིད་ཀྱི་སྐྱེད་གསབ་ལོངས་སྤྱོད་བྱེད་པའི་གནས་ཚུལ་ཞིབ་ཕྲ་ཤེས་ཐུབ།

    ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་དངུལ་བུན་གཡར་མཁན་གྱིས་རྒྱུན་གཏན་གྱི་ཡིད་རྟོན་དངུལ་བུན་གྱི་བརྒྱུད་རིམ་ལྟར་དངུལ་ཁང་དུ་དངུལ་བུན་གཡར་ཆོག སྒྲུབ་གཉེར་དངུལ་ཁང་ལ་ནོར་སྲིད་ཀྱི་སྐྱེད་གསབ་མ་དངུལ་འབྱོར་རྗེས། དེས་སྤྲད་ཟིན་པའི་སྐྱེད་ཀ་དག་སྤྲོད་ཐེངས་གཅིག་ལ་སྐྱེད་གསབ་མ་དངུལ་ཕྱིར་སློག་བྱེད་དགོས། མ་འོངས་པར་སྤྲོད་དགོས་པའི་སྐྱེད་ཀ་དག་དངུལ་བུན་སྒྲུབ་གཉེར་དངུལ་ཁང་གིས་རྗེས་མཐུད་ཀྱི་དུས་བཀག་ལྟར་བསྡུ་སྐབས། ཐད་ཀར་སྐྱེད་གསབ་མ་དངུལ་འཐེན་དགོས།

    གོང་དུ་བཤད་པའི་དཔེའི་ནང་སྐྱེད་གསབ་སྒོར་9000ལོངས་སུ་སྤྱོད་ཆོག་པའི་ཟ་ཁང་ལ། གལ་ཏེ་གཉེར་སྐྱོང་དངུལ་ཁང་ལ་སང་ལོའི་ཟླ་2པར་ནོར་སྲིད་སྡེ་ཚན་གྱིས་སྤྲད་པའི་སྐྱེད་གསབ་མ་དངུལ་འབྱོར་ཚེ། འདི་དུས་སུ་བརྩིས་ནས་དབྱེ་བ་སྟེ། གཉེར་སྐྱོང་དངུལ་ཁང་གིས་ཟ་ཁང་དེར་སྤྲོད་ཐེངས་གཅིག་ལ་སྐྱེད་གསབ་སྒོར་3000ཕྱིར་སློག་བྱས་ཏེ། ད་ལོའི་ཟླ་བཅུ་པ་ནས་སང་ལོའི་ཟླ་དང་པོའི་བར་གྱི་སྐྱེད་གསབ་གཙང་རྩིས་རྒྱག་དགོས། སང་ལོའི་ཟླ་གཉིས་པ་ནས་དགུ་པའི་བར། ཟླ་རེར་ཐད་ཀར་ཟླ་བ་དེའི་སྐྱེད་ཀ་འཐེན་རྒྱུ་ཡིན་པ་དང་། གཉེར་སྐྱོང་བྱེད་པོས་ཟླ་རེར་སྐྱེད་ཀ་སྒོར་750ཉུང་དུ་སྤྲོད་ཆོག

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།