རྒྱལ་སྒྲོལ་ཁེ་ལས་དེ་དག་སི་ཁྲོན་དུ་འཕེལ་རྒྱས་ཇི་ལྟར་ཕྱིན་ཡོད་དམ།
འདི་ནི་ཡཱ་པའོ་སི་ཁྲོན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་ལས་མིས་ཐོན་སྐྱེད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།
2024ལོར་སི་ཁྲོན་ཞིང་ཆེན་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་906གསར་དུ་བཙུགས་ཤིང་། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ཁག་གཅིག་གིས་མ་འཇོག་དང་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན། ཕྱི་རྒྱལ་ཚོང་པའི་ཐད་ཀར་མ་འཇོག་དང་མ་དངུལ་འབྱོར་བའི་གཞི་ཁྱོན་དབུས་ནུབ་ས་ཁུལ་གྱི་དང་པོར་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ནུབ་རྒྱུད་ལ་སྒོ་མོ་འབྱེད་པའི་འཐབ་ཇུས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་འགྲན་རྩོད་ནང་ཞུགས་པའི་རྟེན་གཞི་གསར་པ་བསྐྲུན་པའི་འཐབ་ཇུས་ཀྱི་སྐུལ་འདེད་འོག སི་ཁྲོན་དེ་ཉིད་སྐམ་སའི་དབུས་ཁུལ་ནས་སྒོ་དབྱེའི་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད། ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པས་སི་ཁྲོན་དུ་ཡོད་པའི་རྒྱལ་སྒྲོལ་ཁེ་ལས་ཁག་གཅིག་ལ་བསྐྱོད་དེ་ཁོང་ཚོས་དེ་གར་འཕེལ་རྒྱས་གཏིང་ཟབ་གཏོང་བའི་སྐོར་གྱི་གཏམ་རྒྱུད་ཉན་པ་ཡིན།
ཐེ་ལེན་ཐེན་སི་ཚོགས་པ།
ཟླ་བ་བདུན་ཙམ་རིང་རྟོག་ཞིབ་དང་། སྤེལ་རེས། གྲོས་མོལ། ཚོད་སྐོར་བཅས་བྱེད་རིང་བཏོན་པའི་གནད་དོན་1600ལྷག་ཙམ་ལ་དུས་ཐོག་ཏུ་ལན་བཏབ་པ།
ནེ་ཅང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཡོད་པའི་ཐེ་ལན་ཐེན་སི་ཚོགས་པའི་ཧུང་ཉིའུ་བཏུང་བཅའི(སི་ཁྲོན)ཐོན་སྐྱེད་རྟེན་གཞིའི་གཙང་ཞིང་དཀར་ཆ་དོད་པའི་འཁོར་ཁང་གི་ཐོན་སྐྱེད་སྒྲུབ་རིམ་ནས་ཧུང་ཉིའུ་བཏུང་བཅའ་རེ་རེ་བཞིན་ཤོག་སྒམ་ནང་བླུག་བཞིན་འདུག ཐེ་ལན་ཐེན་སི་ཚོགས་པའི་ཀྲུང་གོ་ཁུལ་གྱི་ཁེ་ལས་ཁྱབ་གདལ་གྱི་ཅིང་ལི་ཀྲང་ཆིང་ཤིའུ་ཡིས་གསར་འགོད་པར“རྣམ་གྲངས་ལ་ཁྱོན་བསྡོམས་ཐོན་སྐྱེད་སྒྲུབ་རིམ་ལྔ་བཀོད་སྒྲིག་བྱས་ཡོད། 2023ལོའི་ཟླ་12པར་ཐོན་སྐྱེད་སྒྲུབ་རིམ་གཉིས་ནས་ཐོག་མར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ད་ལོ་ཐོན་སྐྱེད་སྒྲུབ་རིམ་གཉིས་གསར་དུ་བསྣན་ཡོད། སྔོན་དཔག་བྱས་ན། ལོར་ཧུང་ཉིའུ་ལྕགས་ཀྲིན་དུང་ཕྱུར་14.4ཐོན་སྐྱེད་ཐུབ་རེ་ཡོད”ཅེས་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞི་དེ་ནི་ཉེ་བའི་ལོ་ཤས་རིང་ནེ་ཅང་དུ་ཕྱི་རྒྱལ་ཚོང་པས་ཐད་ཀར་མ་འཇོག་བྱས་པའི་རྣམ་གྲངས་ཆེ་ཤོས་ཡིན་པ་དེར་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་20བཏང་བ་དང་། འཆར་འགོད་བྱས་པའི་ས་ཆའི་རྒྱ་ཁྱོན་ལ་མུའུ་400ཙམ་ཡོད་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་50ཟིན་གྱི་ཡོད།
2020ལོར་ཐེ་ལན་ཐེན་སི་ཚོགས་པས་ཀྲུང་གོར་མ་འཇོག་རབ་དང་རིམ་པ་བྱེད་པའི་ཁྱབ་བསྒྲགས་བྱས་ཤིང་། ནེ་ཅང་ཕྱོགས་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་2021ལོར་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་གྲགས་ཅན་སི་ཁྲོན་དུ་སྐྱོད་པའི་བྱེད་སྒོའི་ཁྲོད་རང་འགུལ་ངང་ཐེ་ལན་ཐེན་སི་ཚོགས་པ་དང་འབྲེལ་མཐུད་བྱས་པ་རེད།
མ་འཇོག་གི་གྲངས་འབོར་ཅུང་མང་བར་བརྟེན། ཐེ་ལན་ཐན་སི་ཚོགས་པས་ཐབས་ཇུས་ཀྱི་བརྒྱུད་རིམ་ཐད་གཟབ་ནན་ཆེན་པོས་ས་གནས་དེ་གའི་ཆུའི་སྤུས་ཚད་དང་མཐོ་སློབ་ཀྱིས་གསོ་སྐྱོང་བྱས་པའི་ཤེས་ལྡན་མི་སྣའི་གྲངས་འབོར་དང་བྱང་ཚད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། འབྲེལ་གཏུག་ཐེངས་དང་པོ་བྱས་པ་ནས་ལོ་དེའི་ཟླ་12ཚེས་23ཉིན་རྣམ་གྲངས་དེ་ནེ་ཅང་དུ་གཏན་འཁེལ་བྱས་པའི་བར་ཁེ་ལས་ཀྱིས་ཟླ་བ་བདུན་རིང་རྟོག་ཞིབ་དང་། སྤེལ་རེས། གྲོས་མོལ། ཚོད་སྐོར་བཅས་བྱས་པའི་བརྒྱུད་རིམ་ཁྲོད། ནེ་ཅང་ཕྱོགས་ཀྱིས་སྔ་རྗེས་སུ་ཁེ་ལས་ཕྱོགས་ཀྱིས་བཏོན་པའི་གནད་དོན་1600ལྷག་ཙམ་ལ་ལན་བཏབ་ཡོད། ནེ་ཅང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“གནད་དོན་དེ་དག་ཧ་ཅང་ཆེད་ལས་ཡིན་པ་དང་། ལས་མི་སྤྱོད་པ་དང་། སྲིད་ཇུས་ལག་བསྟར། དངུལ་རྩའི་རྒྱབ་སྐྱོར་སོགས་ཁྱབ་ཁོངས་ཁག་ལ་ཁྱབ་ཡོད་པས་ང་ཚོས་དུས་ཐོག་ཏུ་ཁེ་ལས་ཀྱི་དོ་ཁུར་ལ་ལན་བཏབ་སྟེ་གནད་དོན་འཕྲལ་མར་ཐག་གཅོད་བྱས་ཡོད”ཅེས་བཤད།
ཨོ་སི་ཁྲུ་ལི་ཡའི་ཁོ་ལི་ཀུང་སི།
ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས་སུ་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་བརྒྱུད་རིམ་ཐད་ཀར་ལེགས་སྒྲུབ་བྱས་པས་ཟོག་འགྲེམས་མ་གནས་90%ཆག་པ།
2024ལོར་ཁྲེང་ཏུའུ་ཡིས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཕྱི་རྒྱལ་ཚོང་པ་མ་འཇོག་བྱེད་པའི་ཡིད་དབང་བཀུག་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་འགའ་ཞིག་བཏོན་པ་མ་ཟད། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ཀྱི་དོ་ཁུར་བྱེད་སར་དམིགས་ཏེ། ཕྱི་དངུལ་སྤྱོད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ཀྱི་རྒྱལ་དམངས་ཀྱི་ཐོབ་ཐང་ལ་འགན་ལེན། ཕྱི་རྒྱལ་ཚོང་པའི་མ་འཇོག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། མ་འཇོག་གཉེར་སྐྱོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ནོར་ཁྲལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཕྱོགས་དྲུག་གི་ཐད་ནས་དམ་པ་དོན་གཉེར་གྱི་བྱ་ཐབས་བཏོན་ཡོད། ཁྲེང་ཏུའུ་ཡིས་ད་དུང་ཕྱི་རྒྱལ་མ་དངུལ་ཞིབ་སྤེལ་ལྟེ་གནས་འཛུགས་པ་དང་འཕེལ་རྒྱས་ལ་སྐུལ་ལྕག་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་བཏོན་ནས་ཕྱི་རྒྱལ་གྱི་མ་དངུལ་ཞིབ་སྤེལ་ལྟེ་གནས་འཛུགས་པ་དང་། མ་འཇོག་དམིགས་སར་འབྱོར་བ། ཞིབ་སྤེལ་བྱེད་པ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་རྒྱབ་སྐྱོར་བྱས་ཡོད།
2024ལོར་ཁྲེང་ཏུའུ་ཡིས་ཨ་རིའི་དབྱིན་ཐེར་ཐུམ་སྒྲིལ་ཚོད་ལྟའི་རྟེན་གཞིའི་ཤོང་ཚད་རིམ་སྤོར་སོགས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་རྒྱུན་མཐུད་དོན་འཁྱོལ་ལ་སྐུལ་འདེད་བཏང་བས། གྲོང་ཁྱེར་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་16.71ཟིན་ཡོད། ད་ཆ་ཁྲེང་ཏུར་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་4000ལྷག་ཙམ་ཡོད་པ་དང་། ཁྲེང་ཏུར་མ་འཇོག་ལས་གཏོད་དང་འཕེལ་རྒྱས་གཏོང་མཁན་ཕྱི་རྒྱལ་བ་ཁྲི་10ལྷག་ཙམ་ཡོད། ཁྲེང་ཏུའུ་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ཁྲེང་ཏུའུ་གྲོང་ཁྱེར་དུ་ཕྱི་རྒྱལ་ཚོང་པས་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་6.56ཟིན་ནས་དུས་མཚུངས་ལས་59.89%འཕར་བ་དང་འཕར་ཚད་ཟླ་4བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།