ཕྱི་འབྲེལ་པུའི་མགྲིན་ཚབ་པས།
ཝང་དབྱི་ཡིས་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་རྒྱུ་དང་ཀྲུང་ལོ་འབར་ཐེ་བཅས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་དངོས་གཞི་མིན་པའི་ཐུག་འཕྲད་བྱེད་སྒོ་གཉེར་རྒྱུའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཚེས་14དང་15ཉིན་ཡུན་ནན་ཨན་ཉིང་དུ་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་རྒྱུ་དང་། ཚོགས་འདུའི་རིང་། ད་དུང་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་དངོས་གཞི་མིན་པའི་ཐུག་འཕྲད་བྱེད་སྒོ་གཉེར་རྒྱུ་རེད། ཚེས་13ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་འབྲེལ་ཡོད་གནས་ཚུལ་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
གསར་འགོད་པས། མགྲིན་ཚབ་པས་ད་ཐེངས་ཀྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་བཅུ་པའི་འབྲེལ་ཡོད་རྒྱབ་ལྗོངས་ངོ་སྤྲོད་བྱས་ན་འགྲིག་གམ། གཙོ་གཉེར་ཕྱོགས་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཚོགས་འདུར་རེ་སྒུག་གང་ཞིག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་དངོས་གཞི་མིན་པའི་ཐུག་འཕྲད་བྱེད་སྒོ་གཉེར་བར་བསམ་གཞིག་གང་ཞིག་བྱས་ཡོད་དམ་ཞེས་དྲིས་པར།
མགྲིན་ཚབ་པས། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་མཉམ་ལས་ནི་ཀྲུང་གོས་ཁམ་ཕུ་ཁྲེ་དང་། ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ་བཅས་དང་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱེད་པའི་ས་ཁོངས་མཉམ་ལས་ལམ་སྲོལ་གསར་པ་ཞིག་རེད། རྒྱལ་ཁབ་དྲུག་གི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཀྲུང་གོ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་ཕྱོགས་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པས། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་ས་ཁུལ་དུ་ཕྱོགས་གཉིས་དང་ཕྱོགས་མང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱོན་ཡོངས་ལ་ཁྱབ་ནས“སྐམ་ས་དང་མཚོ་རྒྱུད། མཁའ་དབྱིངས། དྲ་བ་བཞི”མཉམ་སྦྲེལ་མཉམ་མཐུད་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་མཚམས་སྒྲོལ་བའི་ཚོང་དོན་མ་འཇོག་དང་ཐོན་སྤྲོད་འཁོར་འབྲེལ་མཉམ་ལས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ། ཕྱོགས་གཉིས་དབར་མི་ཆོས་རིག་གནས་སྤེལ་རེས་ཐུབ་པ་བཅས་ལས་ཕན་ཚུན་དབར་ནང་མི་ལྟ་བུའི་མཛའ་བརྩེ་ཟབ་ཏུ་ཕྱིན་ཡོད། རྒྱལ་ཁབ་དྲུག་པོས“འཕེལ་རྒྱས་སྔོན་འཇོག་དང་། འདྲ་མཉམ་གྲོས་མོལ། དོན་གཉེར་ནུས་ཆེ། སྒོ་དབྱེ་བསྟུན་མཁས”བཅས་ཀྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་སྙིང་སྟོབས་སྐྱེད་སྲིང་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་ཀྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཡོད་ཅེས་བརྗོད་པ་རེད།
མགྲིན་ཚབ་པས། ད་ལོ་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་ལོ་བཅུ་འཁོར་བ་དང་། མིག་སྔར། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཚང་མ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་མཚམས་གལ་ཆེན་དུ་གནས་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་དང་། དེ་བཞིན་ཕྱོགས་རྐྱང་པའི་བཙན་དབང་དང་སྲུང་སྐྱོང་རིང་ལུགས་ཀྱི་མདུན་དུ་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།