ཀྲུང་གོ་དང་ཙམ་པབ་ཝེས་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ར་རེ་ནས་གློག་འཕྲིན་འབྱོར་གསལ། ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝའི་བདེན་དཔང་འོག ཀྲུང་གོ་དང་ཙམ་པབ་ཝེས་ཉེ་ཆར་ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེ་རུ་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་འབྲེལ། ཀྲུང་གོས་ཙམ་པབ་ཝེར་འབྲུ་རིགས་རོགས་སྐྱོར་ཁག་གསར་པ་བྱ་རྒྱུའི་སྐོར་གྱི་བརྗེ་ཡིག་ལ་མིང་རྟགས་ཀྱང་བཀོད་པ་རེད།
ཙམ་པབ་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཏིང་གིས། མིག་སྔར། ཀྲུང་གོ་དང་ཙམ་པབ་ཝེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་ཁྱབ་ཁོངས་ཁག་ཏུ་གྲུབ་འབྲས་ཐོན་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད་ལ། ལྷོ་ལྷོ་མཉམ་ལས་ལ་དཔེ་སྟོན་ཡང་བྱས་ཡོད། ཀྲུང་གོས་ཙམ་པབ་ཝེར“2030ལོའི་ཕུགས་འདུན”མངོན་འགྱུར་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག ཙམ་པབ་ཝེར་སྤྱི་ཚོགས་དང་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་ཀྱང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཙམ་པབ་ཝེའི་ནོར་སྲིད་པུའུ་ཀྲང་མུའུ་སུའུ་ལི·ཨེན་ཁུའུ་པེས་ཀྲུང་གོས་འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ནས་ཙམ་པབ་ཝེར་དུས་ཡུན་རིང་པོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁོང་གིས། ད་རེས་མིང་རྟགས་བཀོད་པའི་དཔལ་འབྱོར་ལག་རྩལ་ཐད་ཀྱི་མཉམ་ལས་གྲོས་མཐུན་གྱིས་ཙམ་པབ་ཝེའི་རྒྱལ་དམངས་དཔལ་འབྱོར་གྱི་འགག་རྩའི་ཁྱབ་ཁོངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ནས། ཀྲུང་གོ་ནི་ཙམ་པབ་ཝེའི་དུས་དང་རྣམ་པ་ཀུན་གྱི་གྲོགས་པོ་ཡིན་པ་སླར་ཡང་ར་སྤྲོད་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།