དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མེ་ཏོག་རྫོང་དུ་སླེབས་པ་ནས་ཡུལ་དེར་གཞི་ཚུགས་པའི་བར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཙེ་ཧེང་།   |     སྤེལ་དུས།  2025-08-16

    2018ལོར། ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་གྲས་ཤིག་ཡིན་པའི་ང་རང་ཧྲན་ཤིས་ནས་བོད་ལྗོངས་མེ་ཏོག་རྫོང་དུ་སླེབས་ཏེ། དུས་ཡུན་ལོ་གཅིག་གི་སློབ་གསོའི་ལས་དོན་ཁྲོད་ཞུགས་པ་ཡིན། དུས་ཐུང་གི་ལོ་གཅིག་དེ་ཧ་ཅང་བརྗེད་པར་དཀའ། 2022ལོར་རབ་འབྱམས་པའི་སློབ་གནས་རག་རྗེས། ང་ལ་ལས་ཞུགས་གོ་སྐབས་མང་པོ་ཐོབ་མོད། འོན་ཀྱང་ངས་བསམ་བློ་ཡུན་རིང་བཏང་བ་བརྒྱུད་སེམས་ཐག་གཙང་བཅད་ཀྱིས་མེ་ཏོག་རྫོང་དགའ་ལྡན་ཤང་དུ་གཞི་རིམ་གྱི་གཞུང་ཞབས་པ་ཞིག་བྱེད་པར་ཡོང་བ་ཡིན། བོད་དུ་ཐེངས་དང་པོ་སྐྱོད་སྐབས་ཁྱིམ་མིས་ང་ལ་ལྕག་སྐུལ་ཡང་ཡང་བྱས་པ་དང་བསྡུར་ན་ད་ཐེངས་ཁོང་ཚོས་རྒྱབ་སྐྱོར་དེ་ཙམ་བྱེད་པ་ཚོར་མ་བྱུང་།

    ན་ནིང་ཕ་མ་གཉིས་པོ་མེ་ཏོག་རྫོང་དུ་ཡོང་ནས། ངའི་བྲེལ་འཚུབ་ཆེ་ལ་དོན་སྙིང་ལྡན་པའི་འཚོ་བ་དང་། བབ་ཆགས་ཤིང་གཤིས་རྒྱུད་བཟང་བའི་ཡུལ་མི། ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་པའི་བོད་ལྗོངས་བཅས་དངོས་སུ་མཐོང་སྐབས་སེམས་པ་ལྷོད་ལ་བབས་མོད། འོན་ཀྱང་ཁ་པར་རྒྱག་ཐེངས་རེར“ཕ་ཡུལ་དུ་བསྡད་ན་ཡག་པོ་མི་འདུག་གམ”ཞེས་ཡང་ཡང་ཤོད་ཀྱི་འདུག

    དུས་ད་ལྟའང་མི་འགའ་ཤས་ཀྱིས་ང་ལ་ལུང་ཁུག་འདིར་འགྲོ་དགོས་དོན་གང་ཡིན་ནམ། ཁྱོད་ཀྱིས་ལེགས་སྐྱེས་ཕུལ་ཟིན་པ་མ་ཡིན་ནམ། ཐེངས་གཅིག་ཕྱིན་ཚར་བས་ད་དུང་འགྲོ་དགོས་འདུག་གམ་ཞེས་འདྲི་གི་འདུག ངའི་བསམ་པར་ཁོང་ཚོ་ནི་དེ་གར་འཚོ་བ་དང་ལས་ཀ་བྱེད་པར་ཡོང་མྱོང་མེད་སྟབས། རྡོ་ལ་རི་མོ་བརྐོས་པ་ལྟར་གྱི་ཉམས་ལེན་དང་དགའ་ཞེན་མེད་པས་རེད་སྙམ་གྱི་འདུག

    དོར་ཐབས་བྲལ་བའི་བརྩེ་བ་དང་སེམས་འགུལ་དེ་བརྗེད་པར་དཀའ། སློབ་སྐྱོར་བྱེད་པའི་དང་ཐོག་མའི་སྐབས། ཕྲུ་གུ་ཚང་མ་ངོ་ཚ་སྨིན་པས་ང་དང་འབྲེལ་འདྲིས་བྱེད་ཀྱི་མི་འདུག འོན་ཀྱང་གཟའ་མཇུག་ཅིག་ལ་ངས་ཉལ་ཁང་དུ་ཞིབ་བཤེར་བྱེད་སྐབས་སློབ་ཚན་འཚོགས་པ་ལྟར་ཕན་ཚུན་དོ་ནན་བྱེད་དགོས་མེད་པས་ཁོང་ཚོས་ངའི་མཐའ་བསྐོར་ནས། ཕྲུ་གུ་ཚོ“རྫོང་གྲོང་ནས་ཁྱིམ་དུ་ལོག་པའི་ལམ་གཅིག་ལས་མེད་པ་མ་ཟད། ལམ་ཡག་པོ་མེད་པས་རྐང་ཐང་དུ་འགྲོ་དགོས་ཀྱི་ཡོད། ངའི་ཨ་མ་གྲོངས་སོང་། ང་ཨ་མ་དྲན་གྱི་འདུག”ཅེས་སྐད་ཆ་མང་པོ་བཤད་བྱུང་། ཉིན་དེ་ནས་བཟུང་གུང་གསེང་འཆར་རིམ་བཞིན་ངས་ཁོང་ཚོ་ཁྲིད་དེ་མཉམ་དུ་རྩེད་མོ་རྩེད་བ་དང་སློབ་སྦྱོང་བྱེད་པ་ལས་ཕན་ཚུན་གྱི་བརྩེ་བ་ཇེ་ཟབ་ཏུ་ཕྱིན་སོང་།

    ལྷག་བསམ་ལ་བརྟེན་ནས་ལྷག་བསམ་ཐོབ། ཐེངས་ཤིག་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས། སློབ་མ་ཞིག་གིས་ཕ་ཡུལ་གྱི་རི་སྟེང་དུ་སྐྱེས་པའི་ཤིང་འབྲས་བན་ལིས་སྐོར་བཤད་པ་ལས་ང་ལའང་ཡ་མཚན་སྐྱེས་ནས། དེའི་སྐོར་མུ་མཐུད་དྲིས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་ཞིག་གི་ཞོགས་པར། ཁང་པའི་སྒོ་རྡུང་བའི་སྒྲ་གྲགས་པ་དང་སྒོ་ཕྱེ་ནས་ལྟ་སྐབས། སྒོ་སྟེང་དུ་ཤིང་འབྲས་བན་ལིས་སོས་པ་བླུགས་པའི་འགྱིག་ཤོག་ཅིག་བཀལ་འདུག འདི་ནི་ཕྲུ་གུ་རྣམས་ཀྱིས་ཆེད་མངགས་རི་སྟེང་དུ་འཐུ་བར་སོང་ནས་ངར་སྤྲད་པ་ཞིག་རེད། སློབ་སྐྱོར་མཇུག་འགྲིལ་སྐབས་ཚང་མས་ང་ལ་འཐམས་ནས་ངུ་བ་དང་། ལོ་འདིའི་ནང་ངས་ཕྲུ་གུ་ཚོར་དཔེ་ཁྲིད་བྱས་ཡོད་ལ། དེ་བས་ནི་ས་མཐོས་ང་ལ་དཔེ་དེབ་ཀྱི་ནང་དོན་ལས་ཟབ་པའི་བརྩེ་བ་རྟོགས་ཐུབ་པ་བྱུང་ལ། སློབ་ཁང་ལས་ཡངས་པའི་གནམ་ས་དང་འབྲེལ་འདྲིས་ཐུབ་བྱུང་།

    སླར་ཡང་མེ་ཏོག་རྫོང་དུ་ཡོང་སྐབས། རི་གྲོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ཆ་གནས་འདི“དཀའ་སྡུག་བཟོད་པའི”མིང་ཚབ་ཞིག་མིན་པར། འཕེལ་རྒྱས་ཀྱི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་འདུག དང་ཐོག་རང་ཉིད་དགའ་ལྡན་ཤང་དུ་ལས་བགོས་བརྒྱབ་པ་ཐོས་སྐབས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ལ་བློ་མི་བདེ་བའང་བྱུང་། དགའ་སྤྲོ་སྐྱེ་དོན་ནི་སློབ་སྐྱོར་བྱེད་སྐབས་ཀྱི་སློབ་མ་མང་པོ་ཞིག་འདི་ནས་ཡིན་པས་བསྐྱར་འཛོམས་ཐུབ་པས་ཡིན་པ་དང་། བློ་མི་བདེ་བ་བྱེད་དོན་ནི་སྐབས་དེ་དུས་ཁྱིམ་དུ་འཚམས་འདྲིར་འགྲོ་འདོད་ཀྱང་ལམ་འགག་པའི་དབང་གིས་འགྲོ་ཐུབ་མ་བྱུང་། འོན་ཀྱང་ད་ཐེངས་དཀའ་ངལ་དུ་མ་རྒྱག་དགོས་པས་ཡིན།

    ལས་ཀ་བྱ་ཡུལ་དུ་འབྱོར་ཐོ་འགོད་པར་འགྲོ་སྐབས་ང་རང་ཧང་སངས་བྱུང་། དེ་སྔ་རི་ཚོགས་ཁྲོད་གནས་པའི་དགའ་ལྡན་ཤང་དེ་ཉིད་འགྲིམ་འགྲུལ་ཆ་རྐྱེན་དེ་བས་ལེགས་པའི་གནས་སྤོ་བཀོད་སྒྲིག་ས་ཚིགས་གསར་པར་གནས་སྤོས་འདུག ལོ་འདི་དག་རིང་རྒྱལ་ཁབ་ཀྱིས་མ་འཇོག་བྱེད་ཚད་རྒྱུན་མཐུད་མང་དུ་བཏང་བ་དང་བསྟུན་ནས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་རླངས་འཁོར་ཤར་གཏོང་ཐུབ་པ་ལ་སོགས་དེ་སྔའི་གཡང་གཟར་གྲོང་ཚོའི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    གཞི་རིམ་དུ་ལས་ཀ་བྱེད་པ་ནི་མང་ཚོགས་དང་འབྲེལ་བ་བྱེད་པ་དང་ཁོང་ཚོར་ཞབས་འདེགས་ཞུ་བ་ཞིག་ཡིན་པས། ངའི་ངོས་ནས་བརྗོད་ན་དེའི་ཐོབ་སྣང་དང་གྲུབ་འབྲས་ཐོབ་སྣང་ནི་གྲོང་ཁྱེར་གྱི་ཐོག་བརྩེགས་ཁང་ཆེན་ནང་གློག་ཀླད་མདུན་དུ་བསྡད་ནས་ལས་ཀ་བྱེད་པ་ལས་ཆེ་བ་ཡོད། མང་ཚོགས་ལ་མ་རྨོས་ལོ་ཏོག་བསྡུ་རོགས་བྱེད་པ་དང་། ཆུ་རྫིང་གཙང་སེལ་བྱེད་པ། ཁྱིམ་གྱི་སྒོ་ཁར་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་བཅས་ལས་ཀ་དེ་དག་ནི་ཆུང་ཙག་ཤ་སྟག་ཡིན་མོད། འོན་ཀྱང་དེ་བས་བློ་བདེ་བ་དང་སྤོབས་པ་ཆེན་པོ་སྐྱེ་གི་འདུག

    ལང་ཚོ་ཅི་འདྲ་ཞིག་ཡིན་དགོས་པ་དེ་གསལ་པོ་ཤོད་དཀའ་མོད། འོན་ཀྱང་སློབ་མ་ཞིག་ནས་དགེ་རྒན་ཞིག་གི་བར་དང་དེ་ནས་གཞི་རིམ་ལས་བྱེད་པ་ཞིག་གི་བར། ངའི་ཐོབ་ཐང་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་མི་འགྱུར་བའི་དད་སེམས་ཤིག་ཡོད་པ་དེ་ནི་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་ལང་ཚོའི་ཉམས་བཟང་མངོན་ནས་དུས་བཟང་ཆུད་ཟོས་སུ་མི་གཏོང་བ་བྱ་རྒྱུ་དེ་ཡིན། འདི་ནི་ངའི་ཐོག་མའི་བསམ་འདུན་དང་དམ་ཚིག་ཡིན་ལ། ངའི་བརྟན་སྲུང་དང་བྱ་སྤྱོད་ཀྱང་ཡིན།

    (རྩོམ་པ་པོ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགའ་ལྡན་ཤང་གི་གཞི་རིམ་ལས་བྱེད་པ་ཡིན། འདི་ག་ཚགས་པར་གྱི་གསར་འགོད་པ་ཞུས་ཡུས་ཡའོ་ཡིས་བཅར་འདྲི་དང་ལེགས་སྒྲིག་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།