པེ་ཅིང་དང་བོད་ལྗོངས“ཕྱོགས་གཉིས་ཀྱི་དགེ་རྒན་གྱིས་མཉམ་དུ་འཁྲིད་པའི་སློབ་ཚན”ལས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།
ལྷ་ས་དང་པེ་ཅིང་དབར་བར་ཐག་སྤྱི་ལེ་སུམ་སྟོང་ལྷག་ཙམ་ཆོད་ཀྱང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཅུ་པའི་སློབ་མས་མཉམ་དུ་དངོས་ཁམས་སློབ་ཚན་ཉན་བཞིན་ཡོད།
“མི་ཀ་པ་དང་ཁ་པ་གཉིས་ཀྱིས་སོ་སོར་རྐང་ཐང་མར་ཐེམ་སྐས་འཛེག་པ་དང་ལག་སྐྱོར་གློག་སྐས་ལ་བསྡད་དེ་ཐོག་ཁར་འཛེགས་པ་དང་། ཁོང་གཉིས་པོས་ཐོག་ཁར་འཛེགས་པའི་མྱུར་ཚད་ཤེས་པའི་སྒོ་ནས་ཐོག་ཁར་སྔོན་ལ་སུ་སླེབས་ཐུབ་བམ”ཞེས་པར་ཆས་དང་སྐྱེལ་པར་བརྒྱུད་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཅུ་པའི་དངོས་ཁམས་དགེ་རྒན་ལིའུ་ཀྲེང་གིས་པེ་ཅིང་དང་ལྷ་སར་ཡོད་པའི་སློབ་མ་གཉིས་ཀར་དྲི་བ་འདི་བཏོན།
དཔེ་དྲངས་བ་ལས་འཛིན་གྲྭ་གཉིས་པོའི་སློབ་མ་རྣམས་ཀྱི་སེམས་ལམ་སེང་འཚོ་བའི་ཁྲོད་ཀྱི་དངོས་ཁམས་ཁོར་ཡུག་ནང་ཁྲིད་ཅིང་། ལིའུ་ཀྲེང་གིས“འཚོ་བའི་ཁྲོད་ཐོན་པའི་དཔེ་མཚོན་གྱིས་སློབ་མར་དངོས་ཁམས་ཀྱི་ཤེས་བྱ་ནི་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པ་ཚོར་ནས་བསམ་བློ་གཏོང་ཕྱོགས་ལ་ཁྲིད་སྟོན་ཐུབ་སྟེ་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སྣང་འཕེལ་ཐུབ”ཅེས་བཤད།
བརྙན་ཤེལ་མདུན་དུ་པེ་ཅིང་དུ་ཡོད་པའི་དགེ་རྒན་གྲགས་ཅན་ཕུད། སློབ་ཚན་འདིའི་ནང་ད་དུང་ལྷ་སའི་ས་གནས་དེ་གའི་དགེ་རྒན་རིན་ཆེན་སྒྲོལ་མའང་ཞུགས་ཡོད། རིན་ཆེན་སྒྲོལ་མས་རང་ཉིད་ཀྱིས་བཟོས་པའི་ཚོད་ལྟའི་སློབ་ཆས་དང་བརྒྱུད་ལམ་སྣེ་མང་ལ་བརྟེན་ནས་གཞི་རྩའི་གོ་དོན་ལ་འགྲེལ་བཤད་བརྒྱབ་སྟེ་སློབ་མར་ཤེས་བྱའི་སྤྱི་ཁོག་ཅིག་བློ་ངོར་མགྱོགས་མྱུར་ཆགས་ཐབས་བྱེད་བཞིན་ཡོད།
2024ལོར། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་དང་། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་བཅས་ཀྱིས་མཉམ་དུ་པེ་ཅིང་དང་བོད་ལྗོངས་ཀྱི“ཕྱོགས་གཉིས་ཀྱི་དགེ་རྒན་གྱིས་མཉམ་དུ་འཁྲིད་པའི་སློབ་ཚན”འཁྲིད་སྟངས་གསར་གཏོད་བྱས་ཏེ། དྲ་ཐོག་ལས་སྟེགས་བརྒྱུད་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཀྱིས་ས་གནས་གཉིས་ཀྱི་སློབ་མར་མཉམ་ལས་སློབ་སྦྱོང་གི་གོ་སྐབས་བསྐྲུན་ནས་མཛའ་མཐུན་གྱི་སྦྲེལ་ཟམ་བསྐྲུན་ཡོད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་དེ་སྔའི་སློབ་སྤྱི་གཞོན་པ་བོད་སྐྱོར་ལས་བྱེད་པ་སུང་ཏུང་མིང་གིས“སློབ་ཚན་ཕལ་མོ་ཆེ་བོད་སྐྱོར་དགེ་རྒན་གྱིས་སྦྲེལ་ཟམ་བྱས་ནས་ས་གནས་གཉིས་པོའི་དགེ་རྒན་དབར་འབྲེལ་བ་བཙུགས་ཏེ། སློབ་ཁྲིད་མཉམ་ལས་ཀྱི་ལག་ལེན་ཁྲོད་ས་གནས་དེ་གའི་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་དང་བྱང་ཚད་མཐོ་རུ་བཏང་ནས། སློབ་གསོའི་བོད་སྐྱོར་དེ“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་བར་བྱས་ཡོད”ཅེས་ངོ་སྤྲོད་བྱས།
2016ལོའི་ཟླ་བཞི་པར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་ཁག་དང་པོ་བོད་དུ་འོང་བ་དང་། 2022ལོ་ནས་བཟུང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཚོགས་པ་ཁག་བཅུ་པས་ལྗོངས་ཕྱི་ནང་གི་མཉམ་འདྲེས་དགེ་རྒན་ཕྱོགས་གཉིས་ཀྱི་སྤེལ་རེས་ལམ་སྲོལ་རིམ་བཞིན་བཙུགས་ནས། ཞིང་ཆེན(གྲོང་ཁྱེར)17(སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་ཚུད་ཡོད)གྱིས་དགེ་རྒན་471(བར་དུ་བརྗེས་པ་ཚུད་པ)བདམས་ནས་བོད་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་སློབ་གྲྭ་21ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་བོད་ཀྱི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་ཡོང་བར་སྐུལ་འདེད་ཟམ་མི་ཆད་པ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།