དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ་བྱས་པ།

    ​གངས་ལྗོངས་ས་མཐོའི་ས་རྒྱུ་གཤིན་པོ་རུ། བརྟག་དཔྱད་དཔེ་ལེན་གྲུབ་འབྲས་མངོན་གསལ་དོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-16

    2022ལོར་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ(གཤམ་དུ“ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ”ཞེས་བསྡུ་རྒྱུ)བྱེད་འགོ་ཚུགས་ཤིང་། ལོ་བཞི་ཡི་རིང་རྨོ་ཞིང་དང་། སྐྱེད་ཚལ། ནགས་ས། རྩྭ་ས་སོགས་ཞིང་སྤྱོད་ས་ཆ་དང་དེ་བཞིན་བེད་སྤྱོད་བྱས་མེད་པའི་ས་ཆ་ཁག་གཅིག་གི་ས་རྒྱུར“ཕྱོགས་ཡོངས་ནས་ཞིབ་བཤེར”བྱས་ཡོད། མིག་སྔར་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ་དེ་གྲུབ་འབྲས་ཕྱོགས་སྡོམ་དང་ཕྱོགས་ཡོངས་ནས་བྱེད་པའི་དུས་མཚམས་སུ་སླེབས་ཡོད།

    བོད་དུ་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རང་སྐྱོང་ལྗོངས་ཀྱིས་ཕྱི་རོལ་ནས་བརྟག་དཔྱད་དཔེ་ལེན་དང་ནང་ཁུལ་གྱི་ཚོད་ལྟའི་རྫས་འགྱུར་བརྟག་དཔྱད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་བ་ཚྭ་ཅན་གྱི་ས་རྒྱུའི་ཆེད་དོན་བརྟག་དཔྱད་གྲུབ་འབྲས་ཕྱོགས་སྡོམ་རྩིས་འབུལ་བྱས་པ། ས་རྒྱུ་གྲུབ་ཚུལ་གྱི་དབྱེ་འབྱེད་མ་ལག་རགས་ཙམ་བཏོད་དེ། རང་སྐྱོང་ལྗོངས་ཀྱི་ས་རྒྱུའི་གྲངས་གཞིའི་མཛོད་དང་མ་དཔེའི་མཛོད་སྤྱིར་ན་བསྐྲུན་ཡོད། ཕྱི་རོལ་ནས་བརྟག་དཔྱད་དཔེ་ལེན་གྱི་སྤུས་ཚད་དང་མ་དངུལ་འགན་ལེན་སོགས་ཐད་རང་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ཚུགས་གནས་མཐོ་པོས་སྐུལ་འདེད་བཏང་ནས་ཡོངས་བཤེར་ལས་དོན་སྤེལ་བ།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ལ་མཐོང་ཆེན་་བྱས་ནས་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང“ཞིང་གསུམ”ལས་དོན་གྱི་གཙོ་གནད་ནང་དོན་ལ་བརྩིས་ཏེ། ལོ་བཞི་བསྟུད་མར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་ནང་བཅུག་ཡོད། རང་སྐྱོང་ལྗོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ནས་ཚོགས་འདུ་གལ་ཆེན་སྣ་ཚོགས་བར་གོང་འོག་མཉམ་འགུལ་དང་མཐུན་སྦྱོར་ཕན་ཆེའི་ལས་དོན་མ་ལག་དེས་ཡོངས་བཤེར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    བསྡོམས་རྩིས་ལ་གཞིགས་ན། རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་ཁག་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་6ཙམ་དོན་འཁྱོལ་བྱས་ཏེ། ཡོངས་བཤེར་ལས་དོན་ལ་མ་དངུལ་གྱི་འགན་ལེན་ནུས་ལྡན་བྱས་ཡོད། ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་གྱི་སྟོབས་ཤུགས་ནང་འདྲེན་དང་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་ཅན་མི་ཐེངས་100ལྷག་ཙམ་གདན་དྲངས་ཏེ་ས་རྒྱུ་ཡོངས་བཤེར་གྱི་དུས་མཚམས་ཁག་ནང་ཞུགས་ཤིང་། རིམ་པ་དང་རིགས་དབྱེ་བའི་གསོ་སྦྱོང་ནས་ཕྱི་ནང་གི་ལས་ཀར་ལག་རྩལ་གྱི་མཛུབ་ཁྲིད་བྱེད་པའི་བར་དང་། དེ་ནས་ཞིབ་བཤེར་རྩིས་ལེན་དང་སྤུས་ཚད་ཚོད་འཛིན་སོགས་ཀྱི་ལས་དོན་བར་རིགས་གཅིག་མཁས་ཅན་གྱིས་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཆེད་ལས་ཀྱི་ཤེས་བྱར་བརྟེན་ནས་ཡོངས་བཤེར་གྱི་ལས་དོན་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    ཚོད་ལྟ་སྔོན་ལ་བྱས་ནས་ཡོངས་བཤེར་བྱེད་མགྱོགས་སུ་བཏང་བ།

    ཆུ་ཤུར་རྫོང་གིས་སྤྱི་ལེ་ངོས་གྲུ་1000ལྷག་ཙམ་ཟིན་པའི་ས་ཁོངས་ཧྲིལ་པོའི་ས་རྒྱུའི་ས་ཁམས་དང་རྫས་འགྱུར་གྱི་ངོ་བོའི་བརྟག་དཔྱད་བརྒྱུད་ས་རྒྱུའི་ལྗིད་ཚད་དང་། སྐྱེ་ལྡན་རྫས་བཅུད། ཚད་ཉུང་གཞི་རྒྱུ་སོགས་ཀྱི་སྟོན་གྲངས་ཁག་40ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་ནས་ས་རྒྱུ་ཡོངས་བཤེར་གྱི་གྲངས་གཞི་བརྒྱུད་རིམ་ལྡན་པའི་སྒོ་ནས་འཚོལ་བསྡུ་དང་། ལེགས་སྒྲིག དབྱེ་ཞིབ་བཅས་བྱས་མཐར་ས་རྒྱུའི་རིགས་དབྱིབས་ས་བཀྲ་དང་། ས་རྒྱུའི་ངོ་བོའི་ས་བཀྲ་བསྡུས་དེབ། ས་རྒྱུའི་ཞིང་ལས་བེད་སྤྱོད་ཀྱི་འཚམ་འཕྲོད་རང་བཞིན་གྱི་གདེང་འཇོག་ས་བཀྲ་སོགས་བཀོད་ནས་རྫོང་དེའི་ས་རྒྱུའི་ཆགས་ཚུལ་མཐིལ་རྟོགས་ཐུབ་པར་བྱས་ཡོད།

    རྒྱལ་ཡོངས་ཀྱི་ཚོད་ལྟའི་རྫོང་88ཀྱི་གྲུབ་འབྲས་དཔྱད་འདེམས་ཁྲོད་ཞིབ་ཚགས་པའི་ལས་དོན་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས། མངོན་གསལ་དོད་པའི་གྲུབ་འབྲས་བཅས་ལྡན་པའི་ཆུ་ཤུར་རྫོང་དེ་ཉིད་ཚང་མའི་ཁྲོད་ནས་འབུར་དུ་ཐོན་ཏེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚོད་ལྟའི་རྫོང་22ཀྱི་གྲས་སུ་བདམས་ཡོད། ཚོད་ལྟའི་ཉམས་མྱོང་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་ཁོག་ཆེན་པོས་གསར་གཏོད་བྱས་པས་སྣ་མང་ཅན་གྱི་ཕྱི་རོལ་དུ་ལས་དོན་སྒྲུབ་སྟངས་ཤིག་འཚོལ་ཞིབ་ཐུབ་ཡོད། “བོད་ལྗོངས་ཆབ་མདོའི་བྱེད་སྟངས”དེ་གྲོང་ཁྱེར་རིམ་པའི་ལག་རྩལ་སྣེ་ཁྲིད་རུ་ཁག་དང་། རྫོང་དང་ཤང་གི་ཞིང་ལས་ལག་རྩལ་མི་སྣ། རྫོང་རིམ་པའི་སྤུས་ཚད་ལ་ཚོད་འཛིན། རང་སྐྱོང་ལྗོངས་རིམ་པའི་སྤུས་ཚད་ལ་ཚོད་འཛིན་བཅས་ཟུང་དུ་འབྲེལ་བ་སྒྲོམ་གཞིར་བྱས་པས་ནོར་སྲིད་མ་དངུལ་སྒོར་ཁྲི་3000ལྷག་ཙམ་གྲོན་ཆུང་ཐུབ་པ་དང་ཆབས་ཅིག ས་གནས་དེ་གར་རང་ས་ཅན་དང་ཆེད་ལས་ཅན་གྱི་ཞིང་ལས་ལག་རྩལ་དཔུང་ཁག་གསོ་སྐྱོང་ཐུབ་ཡོད།

    ད་ཆ་ལྗོངས་ཡོངས་ཀྱི་ཕྱི་རོལ་ནས་བརྟག་དཔྱད་དཔེ་ལེན་དང་ནང་ཁུལ་གྱི་ཚོད་ལྟའི་རྫས་འགྱུར་བརྟག་དཔྱད་ལས་འགན་ཚང་མ་ལེགས་གྲུབ་ཟིན་ཞིང་། ཕྱི་རོལ་ནས་ས་རྒྱུའི་མ་དཔེ་བརྟག་དཔྱད་བྱ་ཡུལ་ཁྲི་4.8ཡོད་པ་དང་ས་རྒྱུའི་མ་དཔེ་འཚོལ་བསྡུ་བྱེད་ཚད་ཁྲི་5.6ཟིན་ཏེ་ས་མཐོའི་ས་རྒྱུའི་ཆགས་ཚུལ་ལ་གྲངས་གཞིའི་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ནང་ཁུལ་དུ་མ་དཔེ་བཟོ་བ་དང་། བརྒྱུད་བཤུག ཉར་ཚགས། ཞིབ་བཤེར་ཚད་ལེན་གྱི་རྫས་འགྱུར་བརྟག་དཔྱད་བཅས་ནུས་ཆེའི་མཐུན་སྦྱོར་བྱས་པས་རིམ་ཁག་ཞིབ་བཤེར་རྩིས་ལེན་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ་ནང་ཁུལ་གྱི་ཞིབ་བཤེར་རྩིས་ལེན་སོགས་རྒྱལ་ཁབ་རིམ་པའི་འཐེན་བཤེར་གྱི་ཚད་གཞི་ལོན་ཡོད།

    “རིག་ལྡན་མཛོད”བཙུགས་ནས་ས་རྒྱུའི་ཐོན་ཁུངས་ཀྱི་མཛོད་བསྐྲུན་པ།

    རྒྱལ་ཁབ་ཀྱི་གཅིག་གྱུར་ལས་སྟེགས་ཀྱི་བླང་བྱ་ལྟར་རང་སྐྱོང་ལྗོངས་ཀྱི“གྲངས་གཞི་གསོག་འཇོག་དང་། མ་དཔེ་ཉར་ཚགས། ཚན་རིག་ཁྱབ་གདལ་འགྲེམས་སྟོན”བཅས་གཞི་གཅིག་ཏུ་འདུས་པའི་ས་རྒྱུའི་ཐོན་ཁུངས་མཛོད་ཚད་གཞི་མཐོ་པོས་བཙུགས་པའི་ནང་གྲངས་གཞིའི་མཛོད་དང་མ་དཔེའི་མཛོད་འདུས་ཡོད། དེ་ནི་ས་མཐོའི་ས་རྒྱུའི“རིག་ལྡན་མཛོད”ཅིག་རེད།

    རང་སྐྱོང་ལྗོངས་རིམ་པའི་ས་རྒྱུའི་གྲངས་གཞིའི་མཛོད་ཀྱིས་ཕྱི་རོལ་གྱི་བརྟག་དཔྱད་དཔེ་ལེན་གྱི་ཆ་འཕྲིན་དང་། ནང་ཁུལ་གྱི་ཚོད་ལྟའི་གྲུབ་འབྲས། བར་མཐོངས་ཀྱི་ས་ཁམས་ཆ་འཕྲིན་སོགས་གྲངས་གཞི་ཡོང་ཁུངས་སྣ་ཚོགས་ཁྲི་200ལྷག་ཙམ་འདུས་ཡོད།

    རང་སྐྱོང་ལྗོངས་ཀྱི་མ་དཔེའི་མཛོད་དུ་མ་དཔེ་གྲལ་འགྲིག་པོས་བཞག་པ་དང་ས་རྒྱུ་རྩ་ཆེན་གྱི་བཅད་ངོས་མ་དཔེ་དང་དཔེ་མཚོན་མ་དཔེ་ཚད་ལྡན་དང་ཡུན་རིང་ཉར་ཚགས་ཐུབ་ཡོད།

    འདིར་བརྗོད་འོས་པ་ཞིག་ནི། རང་ལྗོངས་ཀྱིས“རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལྟེ་བའི་གཙོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་ལྡན་དང་གཅིག་གྱུར་ཡོང་ཤུགས་ཆེ་རུ་གཏོང་བ། ཕྱིར་ལྡོག་དང་བསྐྱར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ”བཅས་ཀྱི་ཤུགས་ཆེ་བཞིའི་གྲངས་གཞིའི་བསྐྱར་ཞིབ་གསར་གཏོད་བྱས་ནས་བཏོན་པ་དང་ཆབས་ཅིག དོན་འཁྱོལ་ནན་པོ་བྱས་པས་དེའི་ལས་ཀའི་ཕན་འབྲས་དེ་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་གཞུང་དོན་ཁང་གིས་ཆེད་དོན་དུས་དེབ་ཐོག་བཀོད་ནས་ཁྱབ་གདལ་བཏང་སྟེ། རྒྱལ་ཡོངས་ལ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད།  

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།