རང་ལྗོངས་ཀྱི་སྐུར་སྐྱེལ་ཟོག་འགྲུལ་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ།
ཟོག་འགྲུལ་ལས་རིགས་འཕེལ་རྒྱས་མྱུར། དམངས་ཀྱི་རེ་འབྲས་དོན་དུ་སྨིན།
“བསྐུར་མ་ལེན་པར་ཤོག”ཅེས་པའི་སྦྲག་སྐྱེལ་བ་མིག་དམར་དབང་འདུས་ཀྱི་སྐད་སྒྲ་ཐོས་རྗེས། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ས་ཁུང་གྲོང་ཚོའི་ཡུལ་མི་མང་པོ་མཉམ་དུ་རུབ་སྟེ། མིག་དམར་དབང་འདུས་ཀྱིས་ཧྲུན་ཧྥུང་དང་། ཅིང་ཏུང། ཧྲེན་ཐུང་སོགས་མྱུར་སྐྱེལ་ཀུང་སི་ཁག་གི་མྱུར་སྐྱེལ་ཐུམ་སྒྲིལ་འབེབས་པར་ལྟ་བ་དང་། དེ་རྗེས་རང་མིང་བཀོད་དེ་དྲ་ཐོག་ནས་ཉོས་པའི་རང་ཉིད་ཀྱི་དངོས་ཟོག་ལེན་བཞིན་མཆིས།
ཕུ་མ་བྱང་ཐང་ཤང་གི་ཆ་སྙོམས་ས་བབ་སྨི་5373ཟིན་ཞིང་། དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད། ཤང་ནས་རྫོང་བར་གྱི་ལམ་ཐག་རྐྱང་པར་སྤྱི་ལེ་70དང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་6བར་གྱི་ལམ་ཐག་རྐྱང་པར་སྤྱི་ལེ་160ཡོད། མིག་དམར་དབང་འདུས་ཀྱིས་ལོ་མང་རིང་ཕུ་མ་བྱང་ཐང་ཤང་ནས་སྲིད་འཛིན་གྲོང་ཚོ་ཁག་དབར་གྱི་སྦྲག་སྐྱེལ་ལས་འགན་འཁུར་གྱི་ཡོད།
མིག་དམར་དབང་འདུས་ཀྱིས“དེ་སྔ་རྫོང་གྲོང་དང་ཤང་གྲོང་ཁག་གཅིག་ཏུ་མ་གཏོགས་མྱུར་སྐྱེལ་ཐུམ་སྒྲིལ་སྐྱེལ་ཐུབ་ཀྱི་མེད་སྟབས། ཡུལ་མི་ཚོ་རྫོང་དུ་མྱུར་སྐྱེལ་ཐུམ་སྒྲིལ་ལེན་པར་འགྲོ་དགོས། མྱུར་སྐྱེལ་བསྐུར་མ་ལག་ཏུ་འབྱོར་བར་མ་མཐར་ཡང་ཉིན་བཅུ་ལྷག་ཙམ་འགོར་གྱི་ཡོད་པས། དུས་ཚོད་རིང་པོ་འགོར་བའི་ཁར། འགྲོ་འོང་ཡང་མང་པོ་བྱེད་དགོས་ཀྱི་ཡོད” ཅེས་ངོ་སྤྲོད་བྱས།
ཕུ་མ་བྱང་ཐང་ཤང་མཚོ་མགོ་གྲོང་ཚོའི་ཡུལ་མི་བསྟན་པ་རབ་རྒྱས་ཀྱིས། སྔོན་ཆད་ཅ་དངོས་བསྐུར་ལེན་བྱེད་པར་རྫོང་གྲོང་དུ་སྐྱོད་དགོས་པས་སྟབས་བདེ་པོ་གཏན་ནས་མེད་ཅེས་བཤད།
“ད་ཆ་དྲ་ཐོག་ནས་དངོས་ཟོག་ཉོས་ན་སྦྲག་སྐྱེལ་བས་སྒོ་རྩར་སྐྱེལ་གྱི་ཡོད་པས། དེ་སྔ་དང་གཏན་ནས་འདྲ་གི་མེད”ཅེས་བསྟན་པ་རབ་རྒྱས་ཀྱིས་རང་ཉིད་ཀྱི་མྱོང་བ་དངོས་བརྗོད་དེ། སྐུར་སྐྱེལ་ཟོག་འགྲུལ་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བར་བསྔགས་བརྗོད་བྱས།
བསྐུར་མ་མགྱོགས་པོ་སྐྱེལ་དགོས་ན། འགྲིམ་འགྲུལ་ནི་རྨང་གཞི་རེད།
རྒྱབ་ཁུར་དང་ཁལ་མ་ནས་འགོ་བཙུགས་ཏེ། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིཌ་སྐྱོང་འོག རང་ལྗོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟབས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རང་ལྗོངས་སུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་རིམ་བཞིན་བཙུགས་ཡོད་པ་རེད།
2024ལོའི་ལོ་མཇུག་ཏུ། རང་ལྗོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་དང་ལྕགས་ལམ་འཁོར་སྐྱོད་ལམ་ཚད་སྤྱི་ལེ་ཁྲི་12.49དང་སྤྱི་ལེ་1359སོ་སོར་ཟིན་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་ལམ་ཐིག183ཟིན་པ། ཤང་ངམ་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་97.99%དང་86.05%སོ་སོར་ཟིན་ཡོད་པ་རེད།
བསྐུར་མ་མགྱོགས་པོ་སྐྱེལ་དགོས་ན། ནུས་ཆེའི་ཞབས་ཞུའི་མ་ལག་ནི་འགག་རྩ་རེད།
རང་ལྗོངས་སུ་དེང་རབས་ཚོང་དོན་འཁོར་རྒྱུག་སྒྲིག་ཆས་146དང་། ས་ཁོངས་ལས་བརྒལ་བའི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་8 གྲང་ཕྲེང་མཛོད་ཁང་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་51.5བཅས་བསྐྲུན་ཏེ། ཤང་དང་གྲོང་རྡལ་རིམ་པའི་ཚོང་དོན་ཞབས་ཞུའི་དྲ་ཚུགས་ཁྱབ་ཚད་90%ལས་བརྒལ་ནས་ལྷ་ས་ལྟེ་བར་བྱེད་པ་དང་། གྲོང་ཁྱེར(ས་ཁུལ)6མཚམས་ཚིགས་སུ་བྱེད་པ། རྫོང(ཆུས་དང་གྲོང་ཁྱེར)74དང་ཤང་དང་གྲོང་རྡལ་གཙོ་བོ་བཅས་ལ་ཁྱབ་པའི་ཚོང་དོན་འཁོར་རྒྱུག་དྲ་རྒྱ་ཆགས་ཡོད་པ་རེད།
ཚོང་དོན་ཟོག་འགྲེམས་ཁེ་ལས་230སྐྱེད་བསྲིང་བྱས་པ་དང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་དྲ་ཚོང་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ། ཧྲེན་ཐུང་དང་། ཡོན་ཐུང་། ཀྲུང་ཐུང་། ཡུན་ཟླ་སོགས་མྱུར་སྐྱེལ་ཁེ་ལས་རྫོང(ཆུས་དང་གྲོང་ཁྱེར)74ལ་ཁྱབ་པ། མྱུར་སྐྱེལ་ཁེ་ལས་123དང་སྦྲག་སྲིད་ཀུང་སིའི་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་བྱས་ནས་འཁོར་རྒྱུག་ལས་རིགས་ཁག་མཉམ་འཛུགས་མཉམ་སྤྱོད་དང་། ཐོན་ཁུངས་མཉམ་སྤྱོད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་འགྱེད་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་ཟོག་འགྲུལ་མ་ལག་གཞི་རྩའི་ཆ་ནས་ཆགས་ཡོད་པ་རེད།
འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་བ་དང་སྐུར་སྐྱེལ་ཟོག་འགྲུལ་མ་ལག་གི་སྤུས་ཚད་ལེགས་གཏོང་དང་རིམ་པ་སྤར་བ་བརྒྱུད། འཛད་སྤྱོད་དངོས་རྫས་གྲོང་གསེབ་ཏུ་དབོར་བའི“མཐའ་མའི་འགག་གནད”དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་དབོར་བའི“ཐོག་མའི་འགག་གནད”བསལ་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་རམ་འདེགས་བྱས་ཡོད།
“དེ་སྔོན་དབྱར་རྩྭ་དགུན་འབུ་བསྐམས་རྗེས་རླངས་འཁོར་གླས་ནས་རྫོང་དུ་བཙོང་བར་འགྲོ་དགོས་ཀྱི་ཡོད། ད་ཆ་ཤང་གི་དྲ་ཚོང་ཞབས་ཞུའི་ལྟེ་གནས་ཀྱིས་ཐད་ཀར་ཁྱིམ་གྱི་སྒོ་རྩར་ཡོང་ནས་བསྡུ་ཡི་འདུག་ལ། དེ་ནས་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་ཀྱི་གྲང་ཕྲེང་རླངས་འཁོར་གྱིས་དབོར་ནས་ཆུ་ཚོད་48ཀྱི་རིང་ལྷ་སའི་གྲང་མཛོད་དུ་འབྱོར་རྗེས་ནང་སའི་གྲོང་ཁྱེར་ཁག་ལ་བསྐུར་གྱི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་དབྱར་རྩྭ་དགུན་འབུ་བཙོང་མཁན་ཚེ་རིང་ཆོས་འཛོམས་ཀྱིས་འབུ་ཚོང་སྐོར་གྱི་འགྱུར་ལྡོག་བཤད།
ད་ལོ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་ཀུང་ཁང་གྲོང་ཚོའི་ཀུ་ཤུ་དང་། ལི་ཙི། ཁམ་བུ་བཅས་ལ་ལོ་ལེགས་བྱུང་ཞིང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐྱིད་ལུས་ཀྱིས“གྲོང་ཚོའི་ནང་གི་སྐུར་སྐྱེལ་ཟོག་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱིས་ནུས་ཆེའི་ངང་བསྡུ་འགྲེམས་དང་བརྒྱུད་འདྲེན་བྱས་པ་བརྒྱུད་ཁ་ས་ཤིང་སྡོང་ཐོག་ཡོད་པའི་ཤིང་ཏོག་སྣ་ཚོགས་དེ་རིང་དབོར་བཞིན་ཡོད་ལ་སང་ཉིན་མངགས་མཁན་ཚོའི་ལག་ཏུ་འབྱོར་གྱི་རེད། གྲོང་ཚོའི་ཁྱད་ལྡན་ཞིང་ཟོག་ཐོན་རྫས་ཚང་མར་ཡང་གོང་ཡག་པོ་རག་བྱུང”ཞེས་དགའ་སྤྲོའི་ངང་བཤད།
2024ལོར། རང་ལྗོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་2.03དང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི་3046.5ལེགས་གྲུབ་བྱུང་ཡོད། ཐུམ་སྒྲིལ་ཆུང་ངུ་དག་དམངས་འཚོ་ཆེན་པོ་དང་སྦྲེལ་ཡོད་ལ་ཐུམ་སྒྲིལ་ཆུང་ངུ་དག་གིས་འདུན་པ་ཆེན་པོ་འགྲུབ་ཀྱི་ཡོད་པས་སྦྲག་སྲིད་མྱུར་སྐྱེལ་དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ནང་གི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
ལྷ་སའི་གྲོང་མི་ཚེ་རིང་དོན་གྲུབ་ཀྱིས་རྒྱལ་ཡོངས་ས་གནས་ཁག་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས་དྲ་ཐོག་ནས་ཕིང་ཡའོ་ཡི་ཚགས་ཤ་ཉོས་མ་ཐག་ཡིན་པ་དང་། ཚགས་ཤ་དེ་དང་རང་ཡུལ་གྱི་ཚགས་ཤའི་དབར་གྱི་མི་འདྲ་བའི་ཆར་ལྟ་རྩིས་བྱེད། “སྦྲག་སྐྱེལ་ཞབས་ཞུའི་སྟབས་བདེ་ལས་ཁྱད་ལྡན་ཞིང་ཟོག་ཐོན་རྫས་མང་པོ་བོད་དུ་བཙོང་རྒྱུ་འདུག ངས་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་ཐོན་རྫས་ལ་རྒྱུས་མངའ་ཆེན་པོ་ཡོད། དུས་ཚོད་བྱུང་ཚེ་ང་གང་སར་ལྟ་བར་འགྲོ་ཡི་ཡིན”ཞེས་བཤད།
གཅིག་རྗེས་གཉིས་མཐུད་ངང་འབྱོར་བཞིན་པའི་མྱུར་སྐྱེལ་ཐུམ་སྒྲིལ་ནི་གཟུགས་མེད་གྱི་སྦྲེལ་ཐག་བཞིན་གངས་ལྗོངས་ས་མཐོ་དང་མེས་རྒྱལ་གྱི་ས་གནས་ཁག་འབྲེལ་མཐུད་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་པའི་བདེ་སྐྱིད་ཀྱི་རེ་འདོད་གངས་ལྗོངས་བུ་ཕྲུག་ཚོའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།