རབ་བྱུང་གཅིག་གི་འཕོ་འགྱུར་ཆེ། ཉི་འོད་གྲོང་གི་རྣམ་པ་གསར།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
གངས་ལྗོངས་ས་མཐོའི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ཉི་འོད་གྲོང་ཁྱེར་ལྷ་སས་དཔལ་འབྱོར་དར་རྒྱས་སྒུལ་ཤུགས་སུ་བརྩི་བ་དང་། སྐྱེ་ཁམས་གནས་འཕྲོད་རང་མདངས་སུ་འཛིན་པ། དམངས་འཚོའི་བདེ་རྩ་རྩ་བར་བཟུང་སྟེ། འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་དང་རྩོམ་མུས་རེད།
“ཤར་ནུབ་འཕྲེད་དུ་སྦྲེལ་བ་དང་། ལྷོ་བྱང་གཞུང་དུ་མཐུད་པ། གོ་སྐབས་བཟང་པོ་གཏོད་པ”བཅས་ཀྱི་ཕྱོགས་བསྡུས་གཞུང་ལམ་དྲ་བ་བསྐྲུན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲོག་ཐིག་ཤར་གཏོང་ཐུབ་པ་ནས“གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་དང་། དམངས་བདེ་དམངས་ཕན”གྱི་ཕྱུག་འགྱུར་བགྲོད་ལམ་བསྐྲུན་པའི་བར། རྒྱ་ཆེའི་ཞིང་འབྲོག་ཁུལ་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། སྐྱིད་ཆུ་དལ་གྱིས་རྒྱུག་པ་དང་། ལྷོ་རི་སྔོ་ལྗང་གིས་བརྒྱན་པའི“སྒེའུ་ཁུང་ཕྱེ་བ་ཙམ་གྱིས་སྔོ་ལྗང་མཐོང་བ་དང་། སྐྱིད་ཆུའི་ངོགས་སུ་འཆམ་འཆམ་ལ་སྐྱོད་པའི”སྐྱེ་ཁམས་རི་མོ་ནས་གནའ་བོའི་ཡིད་དབང་འཕྲོག་པའི་ཁྲོམ་གཞུང་སྲང་ལམ་དང་དེང་རབས་ཀྱི་གསོན་ཤུགས་གསར་པ་མཉམ་དུ་འདྲེས་པ་ལས་བྱུང་བའི་རྣམ་པ་གསར་པ་མངོན་པའི་བར་ལ་སོགས། ལྷ་སས་འབད་འབུངས་ཡར་བརྩོན་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་དང་། དམངས་འཚོ་འབྱོར་ཕྱུག སྐྱེ་ཁམས་མཛེས་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་བྲིས་དང་འབྲི་མུས་རེད།
དཔལ་འབྱོར་དར་ཞིང་རྒྱས་པ།
ཁྱད་ལྡན་ཐོན་ལས་དར་ཞིང་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་བ།
ལོ་ངོ་དྲུག་ཅུ་ཡི་རིང་འབད་འབུངས་མདུན་སྐྱོད་བྱས་མཐར། ལྷ་སའི་དཔལ་འབྱོར་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད། དེ་སྔའི་རྟ་དྲེལ་གྱི་དྲིལ་བུའི་སྒྲ་ད་དུང་ཡང་གྲོག་རོང་ནང་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར་མོད། འོན་ཀྱང་། ད་ཆ་འཁོར་རིགས་སྣ་ཚོགས་དྲག་ཏུ་རྒྱུག་པའི་ཆུ་བོ་དང་འདྲ་བར་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་ཡངས་པའི་གཞུང་ལམ་ཐོག་སྐྱོད་བཞིན་ཡོད་པ་དང་། སྔོན་ཆད་གསལ་ལ་མི་གསལ་གྱི་གློག་སྒྲོན་དག་སྔ་ས་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་དེང་རབས་གྲོང་ཁྱེར་གྱི་མཚན་མོའི་ཡུལ་ལྗོངས་དང་ས་མཐོའི་གྲོང་ཁྱེར་གསར་པ་དང་མཉམ་དུ་འདྲེས་ཡོད།
ལྷ་སའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་0.41ནས་2024ལོའི་སྒོར་དུང་ཕྱུར་990.04བར་འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1959ལོའི་སྒོར་57ནས་2024ལོའི་སྒོར་27151བར་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1959ལོའི་སྒོར་220ནས་2024ལོའི་སྒོར་58171བར་འཕར་བ་དང་། མི་དམངས་བདེ་སྡོད་ལས་བརྩོན་དང་དཔལ་འབྱོར་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། “དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།
དབྱར་ཁའི་ཉི་འོད་ཀྱི་ཟེར་བརྒྱ་ས་བབ་སྨི་4200ཟིན་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ས་གཙང་ཞིང་ལས་དཔེ་སྟོན་གླིང་དུ་འཕྲོས་ཤིང་། དྲོད་ཁང་ནང་སྔོ་ཐིང་ཐིང་གི་ཧྲང་ཧའེ་པད་ཚལ་དང་། གསོས་ལ་མཉེན་པའི་ཧོང་ཀྭ། དམར་ལྷང་ལྷང་གི་འབྲི་ཏ་ས་འཛིན་བཅས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
ལྷ་ས་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་རྣམ་གྲངས་གཙོ་བོ་ཞིག་ཡིན་པའི་ངོས་ནས། མལ་གྲོ་གུང་དཀར་རྫོང་ས་གཙང་ཞིང་ལས་དཔེ་སྟོན་གླིང་དེ་2020ལོར་གཉེར་སྐྱོང་བྱས་པ་ནས་བཟུང་། དྲོད་ཁང་ཆེན་པོ་སྟར་པ་80བསྐྲུན་ནས་ཀྲོ་མ་ཀྲུ་དང་སུར་པན་སོགས་ཚལ་རིགས་སྐྱེ་འཚར་བཟང་པོ་བྱུང་བས། མང་ཚོགས་དུད་ཚང་བརྒྱ་ཙམ་གྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། 2024ལོར་གླིང་ཁུལ་གྱིས་མཐོར་གཏོང་ལས་གྲྭ་སྤེལ་འགོ་ཚུགས་ཏེ་ངོས་གཉིས་གཞུ་དབྱིབས་ཀྱི་དྲོད་ཁང་60དང་མུའུ་10ཟིན་པའི་མཉམ་འགུལ་དྲོད་ཁང་གསར་དུ་བསྣན་པ་མ་ཟད། རིག་ནུས་དྲོད་ཚད་ཚོད་འཛིན་མ་ལག་དང་ཆུ་ལུད་གཞི་གཅིག་ཅན་སོགས་གྲངས་འཛིན་ཅན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ཟུར་བསྣན་རིན་ཐང་མཐོ་བའི་ཤིང་ཏོག་འདེབས་འཛུགས་བྱེད་པར་མཁྲེགས་ཆས་ཀྱི་རྒྱབ་སྐྱོར་བརྟན་པོ་བྱས་ཡོད།
དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་དེ་ས་ཁོངས་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པར་འགྱུར་བཞིན་ཡོད།
2024ལོའི་རྒྱལ་སྟོན་རིང་། སྐད་གྲགས་ཆེ་བའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་དེ་ལྷ་མོ་དང་། བོད་སྨན། རྟ་རྩལ་འགྲན་རྩལ། མི་རིགས་ཀྱི་རྒྱན་གོས་སོགས་རིག་གནས་ཀྱི་གཞི་རྒྱུ་མཚམས་སྦྱོར་དུ་བྱས་ནས་གོ་ལ་ཧྲིལ་པོའི་ལྟད་མོ་བ་རྣམས་ལ་ལྷ་སའི་དེང་རབས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང“ཉི་འོད་ཕྱོགས་ལ་སྙེག་པའི”ཚ་རླབས་འཕྱུར་བར་བྱས་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་4324.44ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.01%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་529.28ཟིན་པ་དེ་དུས་མཚུངས་ལས་14.02%འཕར་ཡོད།
དམངས་འཚོ་རྩ་བར་བཟུང་བ།
འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་བདེ་སྐྱིད་ཀྱི་སྟོན་གྲངས་རིམ་བཞིན་མཐོ་རུ་བཏང་བ།
ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་སྤྱི་སྤྱོད་རླངས་འཁོར་ལྟེ་གནས་སུ་སྐྱོད་སྐབས། རྒྱུན་མཐུད་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བང་སྒྲིག་ནས་འདུག སྒེའུ་ཁུང་ཕྱི་རོལ་ལ་ལྟ་སྐབས་ནམ་མཁའ་གཡའ་དག་པ་དང་། འཁོར་སྒྲོམ་ནང་ཨ་མ་རྒན་མོ་བདེ་སྐྱིད་ཀྱིས་ཚ་བོ་ཁྲིད་དེ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་ནོར་བུ་གླིང་ཁར་རྩེད་མོ་རྩེ་བར་འགྲོ་རྩིས་བྱེད་ཀྱི་འདུག “རླངས་སྣུམ་གྱི་དྲི་མ་མེད་པ་དང་འཛེར་སྒྲ་ཆུང་བའི་ཁར་འགྲོ་སྐྱོད་བྱེད་སྐབས་ཧ་ཅང་བརྟན་པོ་འདུག”ཅེས་བདེ་སྐྱིད་ཀྱིས་སེམས་འགུལ་ཆེན་པོས་བརྗོད།
2015ལོར་གློག་སྒུལ་ཅན་གྱི་སྒྱུར་བཀོད་བྱེད་འགོ་ཚུགས་པ་ནས་བཟུང་། ལྷ་སའི་སྤྱི་སྤྱོད་རླངས་འཁོར་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ད་ཆ་ལྷ་ས་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་100%ཕྱོགས་ཡོངས་ནས་ལས་གཉེར་ཐུབ་ཡོད།
ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ལས་དོན་པ་འཇིགས་མེད་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “2020ལོར་ང་ཚོས་ས་ཁོངས་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་གློག་སྒུལ་ཅན་དུ་བསྒྱུར་བ་དང་ན་ནིང་ཡང་བསྐྱར་རླངས་འཁོར་ཆུང་གྲས་ཀྱི་ལམ་ཐིག་4ཤར་གཏོང་བྱས་པ་ཡིན” སྔོན་ཆད་སྤྱི་སྤྱོད་རླངས་འཁོར་ཆེན་པོ་དག་གུ་དོག་པའི་སྲང་ལམ་ལ་སྐྱོད་ཁག་པོ་ཡོད། ཡིན་ནའང་W03སྤྱི་སྤྱོད་རླངས་འཁོར་ཆུང་གྲས་བཏང་བས་སྟབས་ཧ་ཅང་བདེ་རུ་ཕྱིན་སོང་། གྲོང་མི་ཀུན་དགའ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཕྲུ་གུ་བསུ་བར་འགྲོ་རྩིས་བྱེད་ཅིང་། ཁོང་གིས“སྐར་མ་བཅུའི་ནང་རླངས་འཁོར་ཐེངས་རེ་ཡོང་གི་འདུག་པས། ཕྲུ་གུ་སློབ་གྲྭར་སྐྱེལ་བསུ་བྱེད་པར་སྟབས་ཧ་ཅང་བདེ་རུ་ཕྱིན་སོང”ཞེས་བརྗོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་ཞུགས་འབབ་འཕར་གྱི་མི་སེམས་འགུལ་བའི་ལེའུ་ཞིག་གངས་ལྗོངས་ས་མཐོར་རིམ་བཞིན་བརྩམས་ཡོད། ད་ཆ། ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་ལྟར་95%ཡན་རྒྱུན་འཁྱོངས་ཐུབ་པ་མ་ཟད། ལས་ཞུགས་ཀྱི་འདོད་འདུན་ཡོད་པའི་དབུལ་སྒྲོལ་ཁྱིམ་ཚང་གི་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་100%ཟིན་པ་དང་། ལྗོངས་ཕྱིར་ལས་ཞུགས་ཀྱི་སྒོ་མོ་འབྱེད་རྒྱ་ཇེ་ཆེར་ཕྱིན་ཞིང་། ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་2021ལོའི་4.19%ནས་ད་ལྟའི་12.5%བར་མང་དུ་ཕྱིན་པ། ཡངས་ཤིང་རྒྱ་ཆེ་བའི་འབྲོག་ཁུལ་དང་ཞིང་ཁུལ་ཁྲོད་ཞིང་འབྲོག་པ་མི་ཐེངས་ཁྲི་43.38ལས་ཞུགས་བྱས་པ་བརྒྱུད་ཡོང་འབབ་སྒོར་དུང་ཕྱུར་44.72འཕར་བ། ལས་ཞུགས་གཅིག་ཀྱང་ཐུབ་མེད་པའི་ཁྱིམ་ཚང་ཚང་མར་སྐབས་བསྟུན་ལས་ཞུགས་ཐུབ་པར་བྱས་པ་དང་། དབུལ་སྒྲོལ་མི་འབོར་གྱི་གླ་པའི་གཞི་ཁྱོན་བརྟན་པོའི་ངང་འཕར་བ། གནས་སྤོས་མང་ཚོགས་ལ“ཁྱིམ་ཚང་གཅིག་ནས་མི་གཅིག”ཡན་ལས་ཞུགས་ཐུབ་པར་བྱས་པ་ལ་སོགས་རིམ་བཞིན་འཕར་བའི་གྲངས་གཞི་དེ་དག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ལྡན་པའི་འཚོ་བར་འགན་ལེན་བརྟན་པོ་བྱས་ཡོད།
ལྷ་སའི་ཉིན་གླའི་ཁྲོམ་ར་2023ལོའི་ཟླ་8པར་གཉེར་འགོ་ཚུགས་པ་དེ་ནི་རང་སྐྱོང་ལྗོངས་ཀྱི་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་གཞི་གཅིག་ཏུ་འདུས་པའི་ཉིན་གླའི་ཞབས་ཞུའི་ལས་སྟེགས་དང་པོ་དེ་ཡིན་པ་དང་། དེར་ལས་སྒོ་སྒྲུབ་གཉེར་གྱི་ཞབས་ཞུའི་སྐར་ཁུང་རིགས་7དང་། བྱེད་ནུས་ཁུལ་ཆེན་པོ་5 གྲངས་འཛིན་ལས་སྟེགས་1བཅས་བཙུགས་ནས་ཉིན་གླ་རྒྱུག་མཁན་དང་ལས་མི་སྤྱོད་མཁན་ཚན་པར་ནུས་ཆེའི་འབྲེལ་ཟམ་ཞིག་བསྐྲུན་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་ལས་དོན་པ་ཝང་ཞི་ཡུས་ཀྱིས“ཁྲོམ་ར་གཉེར་སྐྱོང་བྱས་ཚུན་དུ་ཁེ་ལས་640ལྷག་ཙམ་དེར་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ལས་གནས་8000ལྷག་ཙམ་མཁོ་འདོན་བྱས་པ་དང་། ‘བོད་ལྗོངས་གྲངས་འཛིན་ཉིན་གླའི་ཁྲོམ་རར’ཐོ་འགོད་བྱེད་མཁན་མི་ཁྲི་1.7ཟིན་ཞིང་། དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་མི་ཐེངས་6000ལྷག་ཙམ་ལས་ཞུགས་ཐུབ་པར་སྦྲེལ་མཐུད་བྱས་པས་ཞིང་འབྲོག་པ་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད”ཅེས་ངོ་སྤྲོད་བྱས།
སྐྱེ་ཁམས་སྔོན་ལ་འཇོག་པ།
ས་མཐོའི་ས་གཙང་སྲུང་སྐྱོང་བྱས་ནས་ལྗང་མདོག་གི་ལེའུ་གསར་པ་བརྩམས་པ།
ཞོགས་པ་ལྷོ་རིའི་སྤྱི་གླིང་དུ་ཆུ་ཕྲན་དལ་བུར་བཞུར་ཅིང་། སྔོ་ཐིང་ཐིང་གི་རེ་བོའི་གསེབ་ཏུ་ཡོད་པའི་རྐང་ཐང་ལམ་དེད་ནས་བསྐྱོད་ཚེ། ཆུ་དང་རྩྭ་རྩི་ཤིང་གི་ཡུལ་ལྗོངས་ལས་གྲུབ་པའི་བར་ཁྱམས་རིང་མོ་ནི་སྙན་ངག་གི་བརྗོད་དོན་གྱིས་ཕྱུག་ཅིང་རི་མོ་ལྟར་ལྷག་ཏུ་མཛེས། གྲལ་སྟར་འགྲིག་པོར་སྐྱེས་པའི་རྒྱ་ལྕང་དང་། གསོམ་ཤིང་། སྦྱར་པ། རྒྱ་ཤུག་སོགས་སྔོ་མདངས་རབ་ཏུ་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར། ལྗང་མདོག་གཞི་གདན་དུ་བྱས་པའི་སྤྱི་གླིང་དེ་ནས་ཆུ་བོ་གཅིག་གིས་ཆོད་པའི་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱེད་སྐབས་ཕོ་བྲང་སྔར་བས་བརྗིད་ཉམས་ལྡན་པར་སྣང་། དེ་ལྟར་ལྷོ་རིའི་སྤྱི་གླིང་ནི་ལྟ་ན་སྡུག་པའི་རི་མོ་ཞིག་དང་འདྲ་བར་མི་རྣམས་ལ་དྲན་པའི་ངོས་ལས་བསུབ་ཐབས་བྲལ་བའི་བག་ཆགས་ཟབ་མོ་འཇོག་གིན་ཡོད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཕུད། ལྷ་ཀླུ་འདམ་ར་ཉམས་གསོ་བྱས་པ་དེའང་ལྷ་སའི་སྐྱེ་ཁམས་ཉམས་གསོའི་མཚོན་ཚུལ་ཞིག་རེད། གྲོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང“ལྷ་སའི་གློ་བ”ཞེས་འབོད་པའི་འདམ་ར་དེ་དེ་སྔ་གྲོང་ཁྱེར་རྒྱ་བསྐྱེད་བཏང་བ་དང་། ཕྱུགས་འཚོས་དྲགས་པ། གད་སྙིགས་གཡུགས་པ་བཅས་ཀྱི་དབང་གིས་སྐབས་ཤིག་རིང་གཏོར་སྐྱོན་ཤུགས་ཆེན་བྱུང་ཡོད། ལྷག་པར་དུ་དུས་རབས་གོང་མའི་དུས་མཇུག་ཏུ་འདམ་རའི་ལྟེ་བའི་ཁུལ་གྱི་ཆུ་ཁོངས་རྒྱ་ཁྱོན་ཆུང་དུ་ཤུགས་ཆེན་ཕྱིན་པ་མ་ཟད། ཐ་ན་ཆུ་ཁོངས་ཁག་གཅིག་ཏུ་སྐམ་ནས་གྲམ་མཐིལ་ཡང་མཐོང་གི་ཡོད་པས། སྐྱེ་ཁམས་ནུས་པར་ཉེན་ཁ་ཆེན་པོ་འཕྲད་ཡོད།
དེ་ནས་1995ལོར་འདམ་རའི་གནས་ཚུལ་ལེགས་སུ་འགྲོ་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་དེ་གྲོང་ཁྱེར་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕྱེ་ནས་ལྷ་སའི་ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་མ་ཟད། ལྟེ་བའི་ཁུལ་གྱི་གྲོང་མི་གནས་སྤོ་དང་འདམ་ར་ཉམས་གསོ་སོགས་ཀྱི་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། 1999ལོར་ལྷ་ཀླུ་འདམ་ར་བོད་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་པའི་ཆོག་མཆན་ཐོབ་པ། 2005ལོར་ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་དེ་ཉིད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་ཡོད། ད་ཆ་ལྷ་ཀླུ་འདམ་རར་སྲོག་ཆགས་དང་རྩི་ཤིང་རིགས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི“གཞི་རྒྱུའི་མཛོད”དུ་གྱུར་ཡོད།
ལྗང་མདོག་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དེ་ལྷ་ཀླུ་འདམ་ར་ལྟ་བུའི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་ཆེན་པོ་ནས་མངོན་པ་མ་ཟད། གྲོང་ཁྱེར་བཅོས་སྐྱོང་གི་དོན་ཆུང་ཁྲོད་དེ་བས་གཏིང་ཟབ་མཚོན་ཏེ། ཁྲོམ་གཞུང་དང་སྲང་ལམ་སོགས་ས་ཁྱོན་ཆུང་ངུ་ནས་གྲོང་མིའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།
“སྔོན་མ་དབྱར་ཁ་ཚ་བ་ག་ཚོད་ཆེ་རུང་སྒེའུ་ཁུང་ཕྱེ་ཕོད་ཀྱི་མེད། ད་ལྟ་འདམ་ར་གཙང་མ་ཆགས་དུས་ཁྱིམ་དུ་བསྡད་ཀྱང་བློ་བདེ་པོ་འདུག”ཅེས་བརྒྱད་གཅིག་སྡེ་ཁུལ་གྱི་གྲོང་མི་སྒྲོལ་མས། ལྷ་སའི“གད་སྙིགས་གསར་བརྗེ”ལས་བྱུང་བའི་འགྱུར་ལྡོག་ལས་ང་ཚོར་དངོས་དངོས་རྗེན་རྗེན་གྱི་སྐྱིད་སྣང་ཚོར་བྱུང་ཞེས་མྱོང་བ་ཟབ་མོས་བཤད། ཁྲོམ་གཞུང་དང་སྲང་ལམ་གྱི་ཁུག་ཀྱོག་གང་སར་གཙང་སྦྲ་ཞིབ་ཚགས་བྱེད་པའི་བྱ་སྤྱོད་འདིས་དུས་བཀག་ལྟར་གད་སྙིགས་དབོར་འདྲེན་དང་རིགས་དབྱེ་བྱེད་པ་དེ་གྲོང་ཁྱེར་གཙང་སེལ་གྱི“དོན་དག་ཆུང་ཙག”གི་རྒྱུན་རྣམ་ཅན་དུ་འགྱུར་བར་བྱེད་བཞིན་ཡོད།
རབ་བྱུང་གཅིག་གི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་མིག་བལྟས་ཚེ། ལྷ་སར་བྱུང་བའི་འཕོ་འགྱུར་ཆེན་པོ་དེ་མི་སེམས་ལ་གཡོ་འགུལ་ཐེབས་པའི་ལོ་རྒྱུས་སྙན་ངག་ཞིག་དང་ཀུན་ནས་མཚུངས།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། འཛམ་གླིང་གི་ཡང་རྩེར་འོད་སྣང་འཚེར་བའི་མུ་ཏིག་ལྟ་བུའི་ལྷ་ས་འདི་ཉིད་ཀྱིས་མུ་མཐུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཏན་ཏན་ཏིག་ཏིག་བསྐྱོད་ནས་ལྗང་མདོག་སྐྱེ་ཁམས་དེ་མཛེས་སྡུག་ལྡན་ཤོས་ཀྱི་གཞི་གདན་ཞིག་ཏུ་འགྱུར་བ་དང་། དམངས་འཚོའི་བདེ་རྩར་དྲོ་སྐྱིད་ལྡན་ཤོས་ཀྱི་ལེའུ་ཞིག་རྩོམ་པ། གསར་གཏོད་ཀྱི་གསོན་ཤུགས་ཀྱིས་འཕེལ་རྒྱས་ཀྱི་ཟིལ་རླབས་འཕྱུར་བ་བཅས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།