དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་སྒེར་གྱི་འཛད་སྤྱོད་དངུལ་བུན་དང་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོའི་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་གསབ་ལོངས་སྤྱོད་བྱེད་ཆོག་པ།

    ལོ་རེའི་སྐྱེད་གསབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་གཅིག་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-15

    ནོར་སྲིད་མ་དངུལ་གྱིས་འཛད་སྤྱོད་སྐུལ་སྤེལ་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་གྱི་ནུས་པ་སྔར་བས་ལེགས་པ་འདོན་པ་དང་། གྲོང་མིའི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་མ་གནས་དམའ་རུ་གཏོང་བ། གྲོང་མིའི་འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བར་རོགས་རམ་བཅས་བྱ་ཆེད། ཉེ་ཆར་ནོར་སྲིད་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་དུ《མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་གསབ་སྲིད་ཇུས་ལག་བསྟར་ཇུས་གཞི》བཀྲམ་ནས་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་གསབ་སྤྲོད་རྒྱུ་ཁ་གསལ་བཏོན་ཡོད།

    ཇུས་གཞི་གཞིར་བཟུང་། 2025ལོའི་ཟླ་9ཚེས་1ཉིན་ནས་2026ལོའི་ཟླ་8ཚེས་31ཉིན་བར། གྲོང་མི་མི་སྒེར་གྱིས་དངུལ་བུན་སྒྲུབ་གཉེར་སྒྲིག་གཞིས་བཏང་བའི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན(ཡིད་རྟོན་གཱ་ཡི་ལས་སྒོ་ཚུད་མེད་པ)ནས་དངོས་སུ་འཛད་སྤྱོད་བྱས་པ་མ་ཟད། དངུལ་བུན་སྒྲུབ་གཉེར་སྒྲིག་གཞིས་དངུལ་བུན་བཏང་བའི་རྩིས་ཐོ་སོགས་བརྒྱུད་དེ་དངུལ་བུན་གཡར་མཁན་གྱི་འཛད་སྤྱོད་ཉོ་ཚོང་གི་འབྲེལ་ཡོད་ཆ་འཕྲིན་གསལ་འབྱེད་བྱས་རྗེས་གཏན་འབེབས་ལྟར་སྐྱེད་གསབ་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག སྐྱེད་གསབ་ཀྱི་ཁྱབ་ཁོངས་ནང་ཐེངས་གཅིག་ལ་སྒོར་ཁྲི་5མན་གྱི་འཛད་སྤྱོད་དང་དེ་བཞིན་སྒོར་ཁྲི་5ཡན་གྱི་ཁྱིམ་སྤྱོད་རླངས་འཁོར་དང་། རྒན་གསོ་དང་བུ་བཙའ། སློབ་གསོ་དང་གསོ་སྦྱོང་། རིག་གནས་དང་ཡུལ་སྐོར། ཁྱིམ་ཆས་དང་ཁང་པ་མཛེས་བཟོ། གློག་རྡུལ་ཐོན་རྫས། བདེ་ཐང་སྨན་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཚུད་ཡོད། ཐེངས་གཅིག་ལ་སྒོར་ཁྲི་5ཡན་གྱི་འཛད་སྤྱོད་བྱས་རིགས་ལ་སྒོར་ཁྲི་5ཟིན་པའི་འཛད་སྤྱོད་ཀྱི་གྲངས་ཚད་མཐོ་ཤོས་ལ་བརྩིས་ནས་སྐྱེད་གསབ་སྤྲོད་རྒྱུ། སྲིད་ཇུས་ལག་བསྟར་གྱི་དུས་ཚོད་ཐིམ་རྗེས། ལག་བསྟར་གྱི་ཕན་འབྲས་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་གྱི་དུས་ཡུན་རིང་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཞིབ་འཇུག་བྱེད་རྒྱུ་རེད།

    སྐྱེད་གསབ་ཀྱི་ཚད་གཞིའི་ཐད། ཇུས་གཞིའི་ནང་ལོ་རེའི་སྐྱེད་གསབ་ཀྱི་བསྡུར་ཚད་ནི་བརྒྱ་ཆའི་གྲངས་1ཡིན་པ་མ་ཟད། མཐོ་ཤོས་ལ་དངུལ་བུན་གན་རྒྱའི་སྐྱེད་ཚད་ཀྱི་50%ལས་བརྒལ་མི་རུང་བ་དང་། ཀྲུང་དབྱང་ནོར་སྲིད་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་སྐྱེད་གསབ་མ་དངུལ་གྱི་90%དང་10%སོ་སོར་སྤྲོད་རྒྱུ་ཡིན་པ་རེད། དངུལ་བུན་གན་རྒྱའི་སྐྱེད་ཚད་ནི་དེ་མཚུངས་སྐྱེད་ཚད་ཀྱི་རང་གཅུན་གྱི་ཁ་ཆད་དང་མཐུན་དགོས། སྲིད་ཇུས་ལག་བསྟར་བྱེད་རིང་། དངུལ་བུན་གཡར་མཁན་གཅིག་གིས་དངུལ་བུན་སྒྲུབ་གཉེར་སྒྲིག་གཞི་གཅིག་ཏུ་ལོངས་སྤྱོད་བྱེད་ཆོག་པའི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ཡོངས་ཀྱི་སྐྱེད་གསབ་ཚད་གཞི་རིམ་རྩིས་བརྒྱབ་ན་མཐོ་ཤོས་སྒོར་3000(དེ་མཚུངས་ཀྱི་ཆ་རྐྱེན་དང་མཐུན་པའི་འཛད་སྤྱོད་དངུལ་གྲངས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་30)ཡིན་པ་དང་། དེའི་ནང་དངུལ་བུན་སྒྲུབ་གཉེར་སྒྲིག་གཞི་གཅིག་ཏུ་ཐེངས་གཅིག་ལ་སྒོར་ཁྲི་5མན་གྱི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་སྐྱེད་གསབ་ཚད་གཞི་རིམ་རྩིས་བརྒྱབ་ན་མཐོ་ཤོས་སྒོར་1000(དེ་མཚུངས་ཀྱི་ཆ་རྐྱེན་དང་མཐུན་པའི་འཛད་སྤྱོད་དངུལ་གྲངས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་10)ཡིན་པ་གསལ་པོར་བཏོན་ཡོད།

    ཇུས་གཞིའི་ནང་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དང་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེད་གསབ་མ་དངུལ་ཆེད་དངུལ་ཆེད་སྤྱོད་བཞིན་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཇུས་གཞི་གཞིར་བཟུང་། དེ་དང་དུས་མཚུངས་གཤམ་གསལ་གྱི་ཆ་རྐྱེན་དང་མཐུན་པའི་དངུལ་བུན་ལ་སྐྱེད་གསབ་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པ་སྟེ། གཅིག་ནི་སྒྲུབ་གཉེར་དངུལ་ཁང་གིས་བཟའ་བཏུང་ཞག་སྡོད་དང་། བདེ་ཐང་། རྒན་གསོ། བཅོལ་ཉར། ཁྱིམ་ལས། རིག་གནས་དང་རོལ་རྩེད། ཡུལ་སྐོར། ལུས་རྩལ་བཅས་འཛད་སྤྱོད་ཁྱབ་ཁོངས་ཁག་བརྒྱད་ཀྱི་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོར་དངུལ་བུན་བཏང་བའི་རིགས་དང་། གཉིས་ནི《འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》ཡོངས་བསྒྲགས་ཁྱབ་བསྒྲགས་བྱས་པའི་ཉིན(2025ལོའི་ཟླ་3ཚེས་16ཉིན)ནས་2025ལོའི་ཟླ་12ཚེས་31ཉིན་བར་དངུལ་བུན་གན་རྒྱ་བཞག་པ་མ་ཟད། འབྲེལ་ཡོད་དངུལ་བུན་གྱི་མ་དངུལ་གཉེར་སྐྱོང་བྱེད་པོར་བཏང་བའི་རིགས། གསུམ་ནི་དངུལ་བུན་གྱི་མ་དངུལ་ལུགས་མཐུན་ངང་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་དང་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེར་གཏོང་ལ་སྤྱད་པའི་རིགས། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མི་མིན་པའི་རྒན་གསོ་ཞབས་ཞུའི་སྒྲིག་གཞིས་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་འདྲ་མཉམ་ངང་ལོངས་སུ་སྤྱོད་ཆོག སྲིད་ཇུས་ལག་བསྟར་གྱི་དུས་ཚོད་ཐིམ་རྗེས། ལག་བསྟར་ཕན་འབྲས་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་གྱི་དུས་ཡུན་རིང་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཞིབ་འཇུག་བྱེད་རྒྱུ་རེད།

    ཇུས་གཞིའི་ནང་མ་དངུལ་གྱི་གཏོང་ཕྱོགས་ཚོད་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཉེར་སྐྱོང་བྱེད་པོས་དངུལ་བུན་གྱི་མ་དངུལ་དེ་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བྱེད་སྒོ་སྤེལ་བ་དང་། ཞབས་ཞུའི་མཁོ་སྤྲོད་ནུས་པ་མཐོར་གཏོང་། འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བཅས་ལ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། དངུལ་བུན་གྱི་མ་དངུལ་རྫུན་བཟོ་དང་། བརྫུས་ལེན། གཡོ་ལེན། བཅད་ཉར། འཐེན་སྤྱོད། གཞན་སྤྱོད་བཅས་གཏན་འགོག་བྱེད་དགོས། དངུལ་བུན་གྱི་མ་དངུལ་ས་ཁང་བདག་ཁོངས་གསར་སྤེལ་ལམ་མ་འཇོག་དང་རྒྱུ་ནོར་བདག་གཉེར་སོགས་ཁེ་ཟའི་བྱེད་སྒོར་སྤྱོད་རྒྱུ་གཏན་འགོག་བྱེད་དགོས། སྒྲུབ་གཉེར་དངུལ་ཁང་དང་གཉེར་སྐྱོང་བྱེད་པོས་སྐྱེད་གསབ་མ་དངུལ་གཡོ་ལེན་བྱེད་རིགས་གཏན་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།