རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།
མངའ་རིས་ས་ཁུལ་གྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ།
ཚེས་13ཉིན། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མངའ་རིས་ས་ཁུལ་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ནས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་སར་དམ་པོར་དམིགས་ནས། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་འཛུགས་གཏོད་བདེ་བླག་བྱས་པ་དང་། རྒྱལ་ཁབ་རིམ་པའི་དཔེ་སྟོན་ཚན་པ་13དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཚན་པ་132འཛུགས་གཏོད་བྱས་ཡོད། “ལས་ཁུངས་ཀྱིས་དགོན་སྡེའི་སྣེ་ཁྲིད་པ་དང་མཉམ་སྐྲུན་མཉམ་གཏོད”ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ། སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན། རིན་མེད་བདེ་ཐང་བརྟག་དཔྱད་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད།“ལས་བྱེད་གཞི་རིམ་དུ་འཚམས་འདྲི་ཆེ་མོ་བྱེད་པ་དང་། འགལ་བ་གྲལ་བཤེར་ཆེ་མོ། གནད་དོན་ཐག་གཅོད་ཆེ་མོ”བཅས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ལོ་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། 2024ལོར་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་105.85ཟིན་པ་དེ་2012ལོའི་ལྡབ་3.9ཡིན་པ་དང་ལོ་རེར་ཆ་སྙོམས་8.6%འཕར་ཡོད། དེ་དང་ཆབས་ཅིག་ས་ཁུལ་ཡོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་། 95% 94%བཅས་སོ་སོར་ཟིན་ཡོད། ས་ཁུལ་དང་། རྫོང་། ཤང་བཅས་དང་གཙོ་གནད་ས་ཁོངས་བཅས་སུ་5Gདྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་དང་སྲིད་འཛིན་གྲོང་ཚོར་4Gབརྡ་རྟགས་ཁྱབ་ཚད་དང་། སྐུད་ཡོད་དྲ་ཆེན་ཁྱབ་ཚད། འོད་སྐུད་ཤར་གཏོང་ཐུབ་ཚད་བཅས་100%དང་། 99.31% 98.62%བཅས་སོ་སོར་ཟིན་ཡོད།
“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་དང་། སེང་གེ་ཁ་འབབ་གཙང་པོའི་བྱང་རིའི་སྔོ་འགྱུར། བྱེ་འགོག་བྱེ་བཅོས། གཙང་པོ་དང་ཆུ་བོའི་ཆུ་འགོའི་སྐྱེ་ཁམས་བྱེད་ནུས་ཁུལ་སྲུང་སྐྱོང་སོགས་ཀྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། 2024ལོར་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་སྒོར་དུང་ཕྱུར་4.5བཏང་བ་དེ་དུས་མཚུངས་ལས་113%འཕར་ཡོད། མངའ་རིས་ས་ཁུལ་གྱིས་ད་དུང་ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྤུ་ཧྲེང་ཐང་དཀར་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཁྲོམ་ར་འཛུགས་སྐྲུན་བྱས་པ་དང་། ནེ་པ་ལའི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་གསུམ་སླར་གསོ་བྱས་པ། མཐའ་མཚམས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་95%དང་94%སོ་སོར་ཟིན་པ། གློག་དྲ་གཙོ་བོ་དང་། སྦྲག་སྲིད་ཀྱི་དྲ་ཚིགས། གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུ། དྲ་ཆེན་མཐའ་མཚམས། སྒུལ་འཕྲིན་དྲ་རྒྱ་བཅས་ཀྱི“ལས་གྲྭ་ཆེན་པོ་ལྔ”ཡོངས་སུ་ཁྱབ་ཡོད་པ་རེད།
གཞན་ཡང་མངའ་རིས་ས་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། གཞི་རིམ་དྲིལ་བསྒྲགས་བཅས་ཀྱི“གཞི་རིམ་གསུམ”གྱི་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས“བོད་ནུབ་རྒྱུད་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་ལས་དོན་ལག་ལེན་ཤུགས་ཆེན་བསྟར་བ་དང་ཉམས་ཞན་དང་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དག་ཐེར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།