དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྗིད་ཆེའི་ཕུགས་འདུན།

    ས་མཐོའི་གནམ་ཐང་བསྲུངས་ནས་གངས་ལྗོངས་ཀྱི་འཕོ་འགྱུར་ཆེན་པོར་བདེན་དཔང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-15

    1992ལོའི་དབྱར་གཞུང་དུ་ཉེན་རྟོག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཚེ་རིང་རྒན་པ་ལྷ་ས་གནམ་ཐང་བོད་རང་སྐྱོང་ལྗོངས་མཁའ་འགྲུལ་ཅུས་སྤྱི་བདེ་ཁྲུའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ལས་བགོས་བརྒྱབ། འབྱོར་ཐོ་འགོད་སྐབས་ཁོང་གིས་གནམ་གྲུ་ཐེངས་དང་པོ་མཐོང་། ཁོང་གིས། “དེ་ནི་ས་མཐོ་དང་འཛམ་གླིང་སྦྲེལ་མཐུད་བྱེད་པའི་གནམ་གྲུ་ཞིག་རེད། གནམ་གྲུ་མཐོང་མ་ཐག་སེམས་ནང་རེ་བས་ཁེངས་སོང”ཞེས་བརྗོད།

    སྐབས་དེ་དུས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་ཐང་ཆུང་ཆུང་ཞིག་ལས་མེད། གནམ་ཐང་འབབ་ཚུགས་ཐོག་ཁང་ལ་བགྲོད་ལམ་གཅིག་ལས་མེད་པ་དང་བགྲོད་ལམ་ཕྱི་རོལ་དུ་བར་སྒྲོལ་རླངས་འཁོར་གཅིག་ལས་འཇོག་ཐུབ་ཀྱི་མེད་ཅིང་། ཉིན་ལྟར་དུས་གཏན་གནམ་གྲུ་1ནས་2བར་ལས་མེད།

    སྐབས་དེ་དུས་ལས་མི་དཀོན་པའི་དབང་གིས་གནམ་ཐང་གི་ལས་རིགས་ལ་དབྱེ་བ་ཞིབ་ཕྲ་དབྱེ་མེད།

    གནམ་ཐང་གི་འགྲིམ་འགྲུལ་བཀོད་འདོམས་ཕུད། བདེ་འཇགས་དོ་དམ་དང་། འཕྲལ་སྡོམ་ཐག་གཅོད། རྒྱུག་ལམ་ཞིབ་བཤེར། གནམ་གྲུ་འཇོག་སར་སྐོར་ཞིབ་སོགས་ལས་ཀ་ཚང་མའི་འགན་ཚེ་རིང་རྒན་པ་དང་ཁོང་གི་ལས་རོགས་ཚོས་འཁུར་གྱི་ཡོད།

    ཉིན་མོར། གནམ་གྲུ་འཕུར་འབབ་ཀྱི་འཛེར་སྒྲ་ཧ་ཅང་ཆེ་མོད། འོན་ཀྱང་འཛེར་སྒྲ་ཐོས་རིམ་བཞིན་ཁོང་གི་ལས་ཀའི་ཧུར་སེམས་ཆེ་རུ་འགྲོ་ཞིང་། མཚན་མོའི་ཆུ་ཚོད་བཅུ་གཅིག་ཏག་ཏག་ལ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་མཚམས་འཇོག་གི་ཡོད།

    འཁྱུག་ཙམ་ཞིག་ལ་ལོ་བཅུ་གྲངས་འདས་ཤིང་། 2003ལོར་ཉིང་ཁྲི་གནམ་ཐང་སྐྲུན་འགོ་ཚུགས། ཉམས་མྱོང་ཕུན་སུམ་ཚོགས་པའི་ཚེ་རིང་རྒན་པ་ལས་གྲྭའི་བཀོད་འདོམས་པུའུ་རུ་ལས་གནས་བསྒྱུར་ཏེ་གནས་སྐབས་མངགས་གཏོང་ཁང་གི་སུའོ་ཀྲང་གི་འགན་འཁུར་ནས། གནམ་ཐང་འཛུགས་སྐྲུན་ལ་ཞུགས་པ་དང་འགྲོ་ལམ་འཆར་འགོད་དང་བདེ་སྲུང་མ་ལག་ཧྲིལ་པོ་འཛུགས་པའི་འགན་འཁུར་བ་རེད།

    ཚོགས་པས་དེ་སྔའི་ཉམས་མྱོང་ལ་བརྟེན་པ་དང་ཉིང་ཁྲིའི་དོན་དངོས་ལ་གཞི་ཚུགས་ཏེ། རྒྱུན་ཆད་མེད་པར་སློབ་སྦྱོང་དང་། བློ་འདྲི། ཞིབ་འཇུག་བཅས་བྱས་ཐོག་ལས་ཡུལ་གྱི་ས་ཆ་ཚང་མར་བསྐྱོད་ནས། རིགས་པས་ཁུངས་སྐྱེལ་དང་བཟོ་བཅོས་ཡང་ཡང་བརྒྱབ་པ་དང་ཚད་གཞི་དང་བརྒྱུད་རིམ་རེ་རེ་བཞིན་གཏན་འཁེལ་བྱས་ཏེ་གནམ་ཐང་འཁོར་རྒྱུག་ཐུབ་པར་བྱས་པ་རེད།

    2010ལོའི་ཟླ་བཅུ་པར། གཞིས་རྩེ་ཞི་བདེ་གནམ་ཐང་གི་དམངས་སྤྱོད་མཁའ་འགྲུལ་གྱི་ལས་སྒོ་དངོས་སུ་ཤར་གཏོང་ཐུབ་ཡོད། གཞིས་རྩེ་གནམ་ཐང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་གནམ་ཐང་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་བའི་ཚེ་རིང་རྒན་པས་དེའི་ཆེད་ནུས་ཤུགས་ཆེན་པོ་བཏོན་ཡོད། “གཞིས་རྩེ་ནི་ངའི་ཕ་ཡུལ་ཡིན་པས། དེ་གའི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ནུས་ཤུགས་འདོན་རྒྱུ་བྱུང་བ་དེ་ངའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན”ཞེས་བརྗོད།

    གྲོང་གསེབ་ཀྱི་ཕྲུ་གུ་ཞིག་ནས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་གནམ་ཐང་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་བར་དང་། དེ་ནས་གནམ་ཐང་འཛུགས་སྐྲུན་པ་དང་གནམ་ཐང་འབབ་ཚུགས་ཐོག་ཁང་གི་དོ་དམ་པ་ལ་སོགས་པའི་བར། ཚེ་རིང་རྒན་པའི་འཚར་ལོངས་ཀྱི་གོམ་སྟབས་རེ་རེས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་བདེན་དཔང་ཐུབ་ཡོད།

    ད་ཆ་བོད་དུ་ཡན་ལག་1དང་ཉིང་ལག་7གྱི་གནམ་ཐང་གི་བཀོད་པ་ཆགས་པ་དང་། འཕུར་འགན་འཁུར་བའི་མཁའ་འགྲུལ་ཀུང་སི་12དང་འཕུར་སྐྱོད་ལམ་ཐིག་193ཡོད། 2025ལོའི་ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་བདེ་འཇགས་ངང་འཕུར་འབབ་ཐེངས་ཁྲི་3.4བྱས་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་370དང་དངོས་ཟོག་དང་སྦྲག་བསྐུར་འདོན་འཇུག་བྱེད་ཚད་ཏུན་ཁྲི་2.6ལེགས་སྒྲུབ་བྱས་ཡོད།

    “ཆ་རྐྱེན་ཡག་པོ་མེད་པ་ནས་གང་དགོས་དེ་འཛོམས་བར། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་འདོན་རྒྱུ་བྱུང་བ་དེ་ངའི་གཟི་བརྗིད་ཡིན”ད་ཆ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་འབབ་ཚུགས་ཐོག་ཁང་གི་དོ་དམ་སྡེ་ཚན་གྱི་སྤྱི་ཁྱབ་ཅིང་ལི་ཚེ་རིང་རྒན་པས་མཁའ་ལམ་ལས་ས་མཐོ་དང་འཛམ་གླིང་སྦྲེལ་མཐུད་ཐུབ་པའི་བརྒྱུད་རིམ་ཧྲིལ་པོ་བརྒྱུད་ཡོད། བོད་དུ་ས་སྐྱེས་རྡོ་སྐྱེས་ཀྱི་ཚེ་རིང་རྒན་པའི་ངོས་ནས་བརྗོད་ན། དམངས་སྤྱོད་མཁའ་འགྲུལ་ནི་མི་སྒེར་གྱི་བྱ་གཞག་ཞིག་རེད་ལ། དེ་བས་ཕ་ཡུལ་བདེ་སྐྱིད་ལྡན་པར་གྱུར་པའི་འབྲེལ་ཐག་ཅིག་ཀྱང་རེད།

    མིག་སྔའི་བར། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་ལས་མི་3354ཟིན་པའི་ནང་། ལོ་35དང་དེ་མན་གྱི་གཞོན་ནུ་2103ཡོད་པ་དེས་བསྡུར་ཚད་ཀྱི་62.7%བཟུང་ཡོད་ཅིང་། ཁོང་ཚོ་ནི་སྔ་འཛིན་ཕྱི་གཏོད་ཀྱི་སྟོབས་ཤུགས་གསར་པ་ཤ་སྟག་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།