ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ལ་བཅར་འདྲིར་བསྐྱོད་པ།
ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་བཏོད་པ།
“ཆུ་ཚོད་4:46ལ་སྨན་ཁང་དུ་འབྱོར་བ་དང་ཆུ་ཚོད་6:17ལ་གཤགས་བཅོས་བྱེད་འགོ་བཙུགས་པ་ཡིན” ཟླ་བ་འདིའི་ཟླ་འགོར་བདེ་བླག་ངང་སྐྱོབ་བཅོས་བྱས་པ་དེ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ལིའུ་ལི་ལིའི་བློ་རུ་ད་ལྟའང་གསལ་པོར་ངེས་ཡོད་དེ། ཉིན་དེའི་ཐོ་རེངས་སུ་ཧེར་ཕུའུ་འདུས་ནད་དང་སྦྲུམ་རྟེན་འདར་ནད་ཚབས་ཆེན་ཕོག་པའི་སྦྲུམ་མ་ཞིག་སྤྱི་ལེ་200ལྷག་ཙམ་ཆོད་པའི་དཔལ་མགོན་རྫོང་ནས་སྨན་ཁང་བསྒྱུར་ཡོང་བ་དེ་རེད།
ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་རེད། དེ་སྔོན་རང་བྱུང་ཆ་རྐྱེན་ཞན་པ་དང་སྨན་བཅོས་ཐོན་ཁུངས་དཀོན་པའི་དབང་གིས། སྨན་ཁང་དེས་སྦྲུམ་ནད་ཚབས་ཆེན་ཕོག་པའི་ནད་པར་སྨན་བཅོས་དེ་ཙམ་ཡག་པོ་བྱེད་ཐུབ་ཀྱི་མེད། ཉེན་ཁ་དང་ནད་རྟགས་ཚབས་ཆེ་བའི་ནད་པ་འགའ་ཞིག་འདི་གར་སྐྱེལ་མ་ཐག་ལྷ་སའི་སྨན་ཁང་ལ་འཕྲལ་མར་བསྒྱུར་བའི་བསྡུར་ཚད་དེ་སྐབས་ཤིག་རིང་10%ལས་བརྒལ་ཡོད།
“ཁ་གཏད་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཆེད་ལས་ཀྱི་རྒྱབ་སྐྱོར་འོག ང་ཚོས་བུ་བཙའི་སྨན་བཅོས་ལག་རྩལ་ཐད་ཀྱི་གནད་འགག་མང་པོར་དམིགས་ནས་འགག་སྒྲོལ་བྱས་པ་མ་ཟད། ཉེན་ཁ་དང་ནད་རྟགས་ཚབས་ཆེ་བའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་ཚུད་པའི་སྨན་བཅོས་སྐྱོབ་བཅོས་ལྟེ་གནས་5སྔ་རྗེས་སུ་བསྐྲུན་ནས་ས་ཁོངས་ཀྱི་སྨན་བཅོས་སྐྱོབ་བཅོས་ཆུ་ཚད་མཐོ་རུ་བཏང་ཡོད”ཅེས་དང་། “ད་ལོའི་ལོ་སྟོད་དུ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་གྲངས་950ལྷག་ཙམ་ཟིན་པ་དང་སྨན་ཁང་སྒྱུར་དགོས་བྱུང་བའི་ནད་པ་3ལས་མེད”ཅེས་ལིའུ་ལི་ལིས་བཤད།
གཞོན་ནུ་སྨན་པ་ཀུའོ་ཏུང་ཤིན་དང་། བདེ་སྐྱིད་སྒྲོལ་དཀར། ཚེ་རིང་དཔལ་སྐྱིད་བཅས་གསུམ་ནི་བུད་མེད་བུ་བཙའ་ཚན་ཁག་གི་བོད་སྐྱོར་སྨན་པ་ལིའུ་ཧའོ་ཡི་དགེ་ཕྲུག་རེད། “ཐོག་མར་ཁོང་ཚོས་ཧེར་ཕུའུ་འདུས་ནད་ཕོག་པའི་སྦྲུམ་མར་སྨན་བཅོས་བྱེད་སྐབས་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཡོད། ཡུན་རིང་སློབ་སྦྱོང་དང་སྦྱོང་བརྡར་བྱས་པ་བརྒྱུད། གནས་ཚུལ་འདི་རིགས་ད་ལྟ་སློབ་མ་ཚོས་བྱང་ཆུབ་པོས་ཐག་གཅོད་བྱེད་ཐུབ་ཀྱི་འདུག”ཅེས་ལིའུ་ཧའོ་ཡིས་བཤད།
ཉིན་ཤས་གོང་། ལེའོ་ཉིང་ཞིང་ཆེན་གྱི་ཁག་བདུན་པའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་འགན་མཇུག་འགྲིལ་རྗེས། གཅིན་ཟགས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་པའི་ཝང་ཡན་ལུང་གིས་མུ་མཐུད་འདིར་བསྡད་ནས་ལས་ཀ་བྱ་རྒྱུའི་གདམ་ག་བྱས་པ་རེད། “ཚན་ཁག་བཙུགས་པ་མ་ཐག་ཡིན་པས། དཔུང་ཁག་གི་སྐས་རིམ་འཛུགས་སྐྱོང་ལ་བསམ་གཞིག་བྱས་པ་ཡིན་ཟེར་ནའང་འདྲ། ཡང་ན་ལག་རྩལ་རྣམ་གྲངས་ཁག་ལག་ལེན་བསྟར་བར་ཕན་འབྲས་ཐོབ་པར་བྱ་རྒྱུའི་དགོས་མཁོ་ཡིན་ཟེར་ནའང་འདྲ། གང་ལྟར་ང་ཕྱིན་ན་འགྲིག་ཐབས་མེད”ཅེས་ཁོང་གི་བཤད།
2022ལོར་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྒྱང་བསྟེན་ནད་དཔྱད་མ་ལག་བཙུགས་ཏེ། གཤམ་འོག་སྨན་བཅོས་ལས་ཁུངས་ཀྱིས་རྒྱང་བསྟེན་ནད་དཔྱད་བྱ་རྒྱུའི་རེ་འདུན་ཞུས་པ་དང་ལེན་བྱས་པ་དང་། གོང་རིམ་སྨན་བཅོས་ལས་ཁུངས་ལ་རྒྱང་བསྟེན་ནད་དཔྱད་བྱ་རྒྱུར་རེ་འདུན་ཞུས་པ། དེ་ནས་སྨན་ཁང་དེ་གའི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་ཏ་ལན་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་སྨན་པ་སོ་སོས་འགན་འཁུར་བ་སོགས་བྱས་ཐོག “ད་བར་གོང་འོག་གཉིས་ནས་རྒྱང་བསྟེན་ནད་དཔྱད་ཐེངས་83བྱས་ནས་ས་ཁོངས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཞབས་ཞུ་མཉམ་སྤྱོད་བྱས་ཡོད། ཉི་མ་རྫོང་དང་མཚོ་གཉིས་རྫོང་སོགས་ཐག་རིང་ས་ཁུལ་གྱི་ནད་པ་ཡིན་ནའང་ཕར་ཚུར་ཐེངས་མང་འགྲོ་དགོས་ཀྱི་མེད”ཅེས་སྨན་དོན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་མིག་དམར་སྒྲོལ་མས་བཤད།
བུད་མེད་དང་བུ་བཙའ་ཚན་ཁག་ཏུ་བོད་སྐྱོར་སྟོབས་ཤུགས་ཀྱིས་ད་དུང“མ་བུའི་སྤྲིན་སྣེ”ཞེས་པའི་བྱ་རིམ་ཆུང་ངུ་བཙུགས་ཡོད། “བྱ་རིམ་ཆུང་ངུ་འདིས་སྦྲུམ་མར་བརྟག་དཔྱད་སྔོན་མངགས་དང་། མངལ་འཁོར་རིང་གི་གཡོག་བྱེད། བརྟག་དཔྱད་འབྲས་བུ་ཚུར་ལན། བདེ་ཐང་མཛུབ་ཁྲིད། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ཞབས་འདེགས་ཞུ་ཐུབ་པས་སྟབས་བདེ་པོ་དང་བློ་བདེ་པོ་ཡོད”ཅེས་ལིའུ་ཧའོ་ཡིས་ངོ་སྤྲོད་བྱས།
ཉེ་བའི་ལོ་བཅུའི་རིང་ལེའོ་ཉིང་ཞིང་ཆེན་གྱིས་ཁག་7ལ་དབྱེ་ནས་བོད་རོགས་སྐྱོར་རིགས་གཅིག་མཁས་ཅན་མི་ཐེངས་131སྔ་རྗེས་སུ་མངགས་པ་དང་ས་གནས་དེ་གའི་སྨན་བཅོས་རྐང་འཛིན་པ་225གསོ་སྐྱོང་བྱས་ཏེ། “ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་བཙུགས་པ་དང་ལག་རྩལ་གསར་པ་ཁག་293དང་ཉེན་ཁ་ཆེ་བའི་གཤགས་བཅོས་མང་པོའི་དཀའ་གནད་བསལ་ཡོད།
(《མི་དམངས་ཉིན་རེའི་ཚགས་པར་ཕྱི་རྒྱལ་པར་ངོས》2025ལོའི་ཟླ་7ཚེས་21ཉིན་གྱི་པར་ངོས་2པ་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།