སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་པོ་ཁྱབ་བསྒྲགས་བྱས་པ།
2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཀྱིས《སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས། དམངས་ཕན་ཞབས་ཞུའི་འབྲེལ་ཡོད་ཀྱི་ལག་རྩལ་ཚད་གཞི》(GB/T 45938-2025)འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་པ་དང་2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཚད་གཞི་དེ་ནི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་ཞིབ་བཟོ་བྱས་པ་ཞིག་རེད་ལ། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་པོའང་རེད། དེ་ཐོག་ནས་རང་རྒྱལ་གྱི་སྨན་བཅོས་འགན་སྲུང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ལམ་ཚད་རྡོ་རིང་ལྟ་བུའི་ཚད་བརྒལ་བྱུང་བའང་མཚོན་གྱི་ཡོད།
《སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས། དམངས་ཕན་ཞབས་ཞུའི་འབྲེལ་ཡོད་ཀྱི་ལག་རྩལ་ཚད་གཞི》དེ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་འདུ་འགོད་ལག་ལེན་གྱི་རྨང་གཞིའི་ཐོག་ཞིབ་འཇུག་དང་གཏན་འབེབས་བྱས་ཤིང་། ལྟེ་བའི་ལག་རྩལ་གྱི་བླང་བྱ་དེ་རྒྱལ་ཡོངས་སུ་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱས་པ་མ་ཟད། ཚན་རིག་རང་བཞིན་དང་། གོ་ཆོད་རང་བཞིན། ཡོངས་འཚམ་རང་བཞིན་བཅས་ལའང་ར་སྤྲོད་གང་ལེགས་བྱས་པ་བརྒྱུད་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་དང་། མཉམ་ལས་དངུལ་རྩའི་སྒྲིག་གཞི། ཕྱོགས་གསུམ་པའི་གཏོང་སྤྲོད་སྒྲིག་གཞི། སྲིད་དོན་ཞབས་ཞུའི་སྡེ་ཚན་དང་དེ་བཞིན་སྒྲིག་གཞི་གཞན་དག་སོགས་ཀྱི་མཉམ་ལས་ཉེར་སྤྱོད་སྒྲིག་གཞིར་སྤྱོད་རྒྱུར་འཚམ་པོ་ཡོད། ཚད་གཞིའི་ནང་སྨན་བཅོས་འགན་བཅོལ་ཨང་རྟགས(སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན)དང་། སྨན་བཅོས་འགན་བཅོལ་གྱི་སྒུལ་བདེ་གཏོང་སྤྲོད། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་སྨན་ཐོ། མི་སྒེར་གྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་དབང་ཆ་སྤྲད་ནས་འདྲི་རྩད་བྱེད་པ་སོགས་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ཀྱི་དམངས་ཕན་ཞབས་ཞུའི་མཐུད་འཇུག་བྱེད་སྟངས་དང་། མཐུད་འཇུག་བྱེད་ནུས་ཀྱི་བླང་བྱ། གཤིས་ནུས་ཀྱི་བླང་བྱ། བདེ་འཇགས་ཀྱི་བླང་བྱ་བཅས་གཏན་འབེབས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།