ཟླ་བ་བདུན་པར་མྱུར་སྐྱེལ་འཕེལ་རྒྱས་ཀྱི་སྟོན་གྲངས་དུས་མཚུངས་ལས་5.2%འཕར་བ།
ཉེ་ཆར། གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱས་པར། ཚོད་རྩིས་བྱས་པ་ལྟར་ན། ཟླ་བ་བདུན་པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་414.3ཟིན་པ་དེ་དུས་མཚུངས་ལས་5.2%འཕར་ཡོད། གྲངས་གཞི་ལས་མངོན་པར། མྱུར་སྐྱེལ་ལས་རིགས་འཁོར་སྐྱོད་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱིས་མྱུར་སྐྱེལ་ཁྲོམ་ར་འཕེལ་རྒྱས་ལ་མུ་མཐུད་སྐུལ་ཁྲིད་ཐུབ་ནས་ཟླ་བ་བདུན་པར་མྱུར་སྐྱེལ་ལས་སྒོའི་ལས་འབོར་སྔོན་དཔག་ལྟར་ན་དུས་མཚུངས་ལས་14.7%འཕར་བ་དང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་8%ཙམ་འཕར་ཡོད་པ་རེད། གཞན་ཡང་། མྱུར་སྐྱེལ་ཁེ་ལས་ཀྱིས་སློབ་གྲྭར་ཐུམ་སྒྲིལ་ཧུར་ཐག་བསྐྱལ་བའི་ཁར་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། རིག་གནས་དང་ཡུལ་སྐོར་གྱི་དམིགས་བསལ་ཐོན་རྫས་སོགས་ཀྱི་ཁྲོམ་ར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚ་སེལ་ཁྱིམ་སྤྱོད་གློག་ཆས་བསྐུར་སྐྱེལ་བྱེད་པའི་འཛད་སྤྱོད་པའི་དགོས་མཁོ་བསྐངས་པས་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་འགྲོ་བཞིན་ཡོད།
ཟླ་བ་བདུན་པར་རང་བདག་མཁའ་འགྲུལ་ཀུང་སི་ཡོད་པའི་མྱུར་སྐྱེལ་ལས་རིགས་ཀྱིས་རྒྱལ་སྤྱིའི་ཟོག་འདྲེན་གནམ་གྲུའི་ལམ་ཐིག་མང་པོ་ཤར་གཏོང་བྱས་པས། མཁའ་འགྲུལ་གྱི་བསྐུར་སྐྱེལ་དྲ་རྒྱ་ཟམ་མི་ཆད་པར་མང་དུ་ཕྱིན་ནས་མཁའ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག མི་མེད་རླངས་འཁོར་གྱི་ཞབས་འདེགས་ཞུ་ས་མུ་མཐུད་མང་དུ་བཏང་བའི་ཁར། མྱུར་སྐྱེལ་ཁེ་ལས་གཙོ་བོས་སྨན་རྫས་དང་། འཐུང་ཆུ། སིལ་ཟས་སོགས་ཀྱི་ཁེ་ལས་དང་མཉམ་འབྲེལ་གྱིས་མི་མེད་རླངས་འཁོར་སྣ་མང་སྤྱོད་པ་དང་། མི་མེད་མཛོད་ཁང་སྐྲུན་པ་དང་མི་མེད་རླངས་འཁོར་གྱིས་ཐག་རིང་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ཞབས་ཞུ་འཚོལ་ཞིབ་བྱས་ནས་སྡེབ་སྐྱེལ་གནད་སྨིན་གྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།