རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ལ་བདག་དབང་ལག་ཁྱེར་ཡོད་པ།
འདི་ནི་ཧའེ་ནན་གྱི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་ཁུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་བྱུང་ཐོན་ཁུངས་པུའུ་ཡིས་རང་རྒྱལ་གྱི་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5ཚང་མར་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད། དོམ་ཁྲ་དང་། བྱང་ཤར་སྟག་གཟིག ཧའེ་ནན་གྱི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ། ཝུའུ་དབྱི་རི་བོ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཅས་ཚང་མར“བདག་དབང་ལག་ཁྱེར”ཡོད་པ་རེད།
དབང་ཆ་གཏན་འཁེལ་གྱི་ཐོ་འགོད་བྱས་པ་བརྒྱུད། རྒྱལ་ཁབ་སྤྱི་གླིང་གི“མཐའ་བཞིའི”ཁྱབ་ཁོངས་དེ་རྒྱལ་ཁབ་ས་ཆའི་བར་མཐོངས་སུ་གནད་ལ་འཁེལ་པོས་གཏན་འཁེལ་བྱེད་པ་དང་། རང་བྱུང་ཐོན་ཁུངས་རིགས་ཁག་གི་རྒྱུ་ནོར་བདག་དབང་བྱེད་པོ་ཁ་གསལ་བཟོ་བ། རིམ་པ་མི་འདྲ་བའི་སྲིད་གཞུང་གི་དབང་ཆ་སྤྱོད་པའི་ཁྱབ་ཁོངས་གཏན་འཁེལ་བྱེད་པ། བདག་པོ་དང་ལྟ་འདོམས་བྱེད་མཁན་དང་དེའི་འགན་འཁྲི་གསལ་པོ་བཟོ་བ་བཅས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ལ་བདག་དབང་གི་འདེགས་སྐྱོར་བྱས་ཡོད།
རང་བྱུང་ཐོན་ཁུངས་ཀྱི“ལག་ཁྱེར་གཉེར་བ”ནི་རྒྱལ་ཁབ་སྤྱི་གླིང་ཙམ་མིན་པར། རྒྱལ་སྤྱིའི་འདམ་ར་གལ་ཆེན་ནས་གཙང་པོ་དང་མཚོ་དང་རྒྱལ་ཁབ་ཀྱི་གཙོ་གནད་ནགས་ཁུལ་བཅས་ཀྱི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་བྱ་རྒྱུ་དེ་རྒྱལ་ཡོངས་སུ་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་པ་རེད།
དེ་ནི་རི་སྔོན་ཆུ་དྭངས་ཀྱི“ཐེམ་ཐོ”རེད་ལ། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པའི“བདག་དབང་ལག་ཁྱེར”ཡང་རེད།
རང་བྱུང་ཐོན་ཁུངས་པུའུ་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་ཅུས་ཀྱི་ཅུས་ཀྲང་ཧུའུ་ཧྲན་ཧྲུན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་གསར་དུ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་དང་། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན། ཆུ་བོ་དང་མཚེའུ་གལ་ཆེན་སོགས་ཀྱི་ཐོ་འགོད་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ནགས་ཁུལ། གསོག་ཚད་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས། མཚོ་ཁོངས་དང་མི་མེད་གླིང་ཕྲན་སོགས་ཐོ་འགོད་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་སོགས་ཀྱི་ལས་དོན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།