དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐྲུན་བཞིན་པ་དང་ལོ་འདིའི་ནང་ལས་འགོ་འཛུགས་རྩིས་ཡོད་པའི་ནུས་རྒྱུའི་གཙོ་གནད་རྣམ་གྲངས་ལ་ལོ་སྟོད་དུ་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་21.6%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-14

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྐྲུན་བཞིན་པ་དང་ལོ་འདིའི་ནང་ལས་འགོ་འཛུགས་རྩིས་ཡོད་པའི་ནུས་རྒྱུའི་གཙོ་གནད་རྣམ་གྲངས་ལ་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.5ལྷག་ཙམ་ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་21.6%འཕར་ཡོད། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་ཀྱི་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་འཕར་ཚད་20%ལས་བརྒལ་ཏེ། གསར་དུ་འཕར་བའི་ནུས་རྒྱུའི་མ་འཇོག་རྒྱུན་ཆད་མེད་པར“ལྗང་མདོག་དང་གསར་པའི་ཕྱོགས་སུ”གཅིག་སྡུད་བྱེད་ཤུགས་ཆེ་རུ་འགྲོ་ཡི་ཡོད།

    ནུས་རྒྱུ་གསར་པའི་གློག་གཏོང་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། ལོ་སྟོད་དུ་ཀོང་ཤིས་དང་ཤིན་ཅང་གི་སྐམ་སའི་རླུང་གློག་ལ་མ་འཇོག་དངུལ་འབོར་ན་ནིང་གི་དུས་མཚུངས་ལས་ལྡབ་གཅིག་འཕར་བ་དང་། གཅིག་སྡུད་རྣམ་པའི་འོད་ཤུགས་ལ་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་24.5%འཕར་བ་དང་ཁྱབ་ཚུལ་རྣམ་པའི་འོད་ཤུགས་ལ་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་70%ཙམ་འཕར་བ་དང་། འོད་དྲོད་གློག་གཏོང་ལ་མ་འཇོག་དངུལ་འབོར་ན་ནིང་གི་དུས་མཚུངས་ལས་ལྡབ་གཅིག་ཙམ་འཕར་ཡོད།

    གློག་ཤུགས་མཁོ་སྤྲོད་འགན་སྲུང་ལ་མ་འཇོག་བྱེད་རྒྱ་མུ་མཐུད་ཆེ་རུ་ཕྱིན་ཞིང་། ལོ་སྟོད་དུ་སོལ་གློག་དང་ཉིང་གློག་སོགས་ཁྱབ་ཁོངས་ལ་མ་འཇོག་བྱེད་ཚད་མུ་མཐུད་ཅུང་མགྱོགས་པོ་འཕར་བ་དང་ཀྲུང་ཧྭ་ཤར་རྒྱུད་དང་། ཀྲུང་ཧྭ་དབུས་རྒྱུད། ནང་སོག་ནུབ་རྒྱུད་བཅས་ཀྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་པའི་གཙོ་གནད་འདེགས་སྐྱོར་རང་བཞིན་གྱི་སོལ་གློག་རྣམ་གྲངས་ཁག་གཅིག་ནས་གློག་གཏོང་འགོ་ཚུགས་ཡོད། གློག་དྲ་དང་ཆུ་འཐེན་ནུས་གསོག་སོགས་ཁྱབ་ཁོངས་ལ་མ་འཇོག་བྱེད་ཚད་མུ་མཐུད་བརྟན་པོའི་ངང་འཕར་ཡོད།

    ནུས་རྒྱུའི་ལས་རྣམ་གསར་པར་མ་འཇོག་བྱེད་ཚད་མགྱོགས་སུ་ཕྱིན་ཞིང་། ལོ་སྟོད་དུ་ཆིང་ནུས་ཀྱི་གཙོ་གནད་རྣམ་གྲངས་ལ་མ་འཇོག་བྱེད་ཚད་ལྡབ་གཅིག་འཕར་བ་དང་ཅི་ལིན་དུ་སྐྲུན་བཞིན་པའི་ལྗང་ཆིང་རྣམ་གྲངས་མང་པོར་སྐུལ་འདེད་མགྱོགས་པོ་བཏང་བ་དང་། གློག་གསོག་གློག་བརྗེའི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་70%ཙམ་འཕར་བ། ནུས་གསོག་དཔེ་གསར་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་ལ་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་30%ལྷག་ཙམ་ཟིན་ཡོད།

    ནུས་རྒྱུའི་ཁྱབ་ཁོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་མ་འཇོག་བྱེད་ཚད་ཅུང་མགྱོགས་པོ་འཕར་བ་དང་ལོ་སྟོད་དུ་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་27.8%འཕར་ཡོད། དམངས་གཉེར་ཁེ་ལས་ཀྱིས་ཁྱབ་ཚུལ་རྣམ་པའི་འོད་ཤུགས་དང་སྐམ་སའི་རླུང་གློག་སོགས་ཁྱབ་ཁོངས་ལ་མ་འཇོག་མགྱོགས་པོ་བྱས་ཤིང་། མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་40%ལྷག་ཙམ་འཕར་བ་དང་གློག་གསོག་གློག་བརྗེའི་རྨང་གཞིའི་སྒྲིག་བཀོད་དང་གཅིག་སྡུད་རྣམ་པའི་འོད་ཤུགས་སོགས་ཁྱབ་ཁོངས་ལ་མ་འཇོག་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་15%ཡས་མས་འཕར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།