ས་གནས་ཁག་གིས་དབྱར་དུས་ཀྱི་འཛད་སྤྱོད་གསོན་ཤུགས་འཕེལ་བར་སྐུལ་འདེད་བཏང་བ།
ས་རུབ་པ་དང་བསྟུན་ནས། ཧོ་པེ་ཆན་ཨན་གྲོང་ཁྱེར་ཐེན་ཡོན་རོང་མཛེས་ལྗོངས་ཁུལ་གྱི་གར་སྟེགས་ཆེན་པོའི་གློག་འོད་རབ་ཏུ་གསལ་བ་དང་ངོ་མཚར་ཆེ་བའི་འཁྲབ་སྟོན་ལས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་དབང་པོ་བཀུག་པ་མ་ཟད། མི་ཁྲི་བརྒྱ་ཕྲག་མང་པོས་མགྱོགས་འཕྲིན་ཐད་གཏོང་ལྟ་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མགྱོགས་འཕྲིན་ཐད་གཏོང་གིས་ཆེད་མངགས་རྒྱུག་འབོར་དུང་ཕྱུར་བརྒྱ་བཏོན་ནས། རྒྱལ་ཡོངས་སུ་ཐད་གཏོང་གར་སྟེགས་ཆེན་པོའི་གྲོང་ཁྱེར་བརྒྱའི་འཆར་གཞི་བཀོད་དེ་དྲ་ཐོག་གི་རྒྱུག་འབོར་ལ་བརྟེན་ནས་དྲ་ཕྱིའི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ཡོད། ཐེན་ཡོན་རོང་མཛེས་ལྗོངས་ཁུལ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་སྟེ་མཚན་མོའི་འགྲུལ་རྒྱུན་དུས་རྒྱུན་ལས་ལྡབ་འཕར་བ་དང་མཛེས་ལྗོངས་ཁུལ་གྱི་ཚོང་པ་བཅུ་ཕྲག་ཁ་ཤས་ཀྱི་ཚོང་གཉེར་ཡོང་འབབ་སྤྱི་ཡོངས་ནས་འཕར་ཡོད་པ་རེད།
དབྱར་དུས་རིང་ས་གནས་ཁག་གིས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་དབྱར་དུས་ཀྱི་འཛད་སྤྱོད་གསོན་ཤུགས་འཕེལ་བར་སྐུལ་འདེད་བཏང་བ་སྟེ། ཅང་སུའུ་ཡིས་མཚན་མོའི་འཛད་སྤྱོད་མཉམ་འདུས་ཚོང་སྐོར(རྐང་ཐང་ཁྲོམ་གཞུང)50ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ནས་ལས་རྣམ་ཕུན་སུམ་ཚོགས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་བའི་མཚན་མོའི་འཛད་སྤྱོད་མཉམ་འདུས་ཁུལ་བསྐྲུན་པ་དང་། ཧྲའན་ཤིས་ཀྱིས་དབྱར་དུས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་ཐེངས་2792བཀོད་སྒྲིག་བྱས་པའི་ནང་མཚན་མོའི་ཡུལ་སྐོར་དང་། མཚན་མོའི་འཁྲབ་སྟོན། མཚན་ཁྲོམ་སོགས་མཚན་མོའི་འཛད་སྤྱོད་རྣམ་པ་ཚུད་པ། སི་ཁྲོན་གྱིས་སི་ཁྲོན་དང་ཁྲུང་ཆིང་གིས་པ་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མཚན་མོའི་འཛད་སྤྱོད་དཔེ་སྟོན་ཁུལ་མཉམ་དུ་སྐྲུན་རྒྱུ་ཡིན་ལུགས་བཏོན་ཡོད།
ཚོང་དོན་པུའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧུང་ཡུང་གིས“ས་གནས་ཁག་གིས་མུ་མཐུད་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་དང་མཐུན་སྦྱོར་ངང་ཤུགས་བརྒྱབ་ནས། མཚན་མོའི་དཔལ་འབྱོར་ཁྱད་པར་ཅན་དང་རྒྱུན་མཐུད་ཆོག་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།