“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ངའི་མིག་མདུན་དུ་ཞིབ་ཅིང་ཕྲ་བ་མངོན་བྱུང”
“ཀྲུང་གོའི་ནུས་གསར་རླངས་འཁོར་ཡག་པོ་ཡོད་དོན་གང་ཡིན”དང་། “ཀྲུང་གོའི་ཐོན་སློབ་ཞིབ་གསུམ་ཇི་ལྟར་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད” “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཇི་ལྟར་བྱས་ནས་མི་དམངས་ལ་བདེ་རྩ་སྐྲུན་ཡོད”སོགས། ཉིན་ཤས་གོང་། ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་གཉེར་བའི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང་། སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཕྱི་འབྲེལ་དཔོན་དང་ལྷོ་ཨ་ཧྥེ་རི་ཁའི་སློབ་ཆེན་སློབ་མའི་གླེང་མོལ་ཚོགས་འདུའི”ཐོག་ལྷོ་ཨ་ཧྥེ་རི་ཁའི་ཚོགས་ཞུགས་གཞོན་ནུས་ཀྲུང་གོར་འཚམས་འདྲིར་ཞུགས་པའི་རང་ཉིད་ཀྱི་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་གང་ལེགས་བྱས་པ་རེད།
“ང་རང་ལ་པེ་ཅིང་རླངས་འཁོར་ཚོགས་པར་ནུས་གསར་རླངས་འཁོར་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐོར་བྱེད་པའི་སྐལ་བ་བྱུང་། ཀྲུང་གོའི་ནུས་གསར་རླངས་འཁོར་གྱི་རིག་ནུས་ཅན་གྱི་ཆུ་ཚད་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་བཟོ་ལས་ཇུས་འགོད་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་མུའུ་ཕི་ཡ་ཆི·མོ་ལོ་དབྱི་ཡིས་བརྗོད། འདི་ལོའི་ཟླ་3པའི་ཟླ་མཇུག་ཏུ། གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་འཐུས་མི་ཚོགས་པ་དང་མཉམ་དུ་མོ་ལོ་དབྱི་དང་སློབ་གྲོགས་ཚོ་ཀྲུང་གོར་འཚམས་འདྲིར་ཡོང་ནས་པེ་ཅིང་དང་། ཧྲང་ཧའེ། ནན་ཅིང་བཅས་ཀྱི་མཐོ་སློབ་དང་ཁེ་ལས་སུ་ཀྲུང་གོའི་དབྱར་མཚོ་རྒྱས་པ་བཞིན་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ས་ཡུལ་དངོས་སུ་ཉམས་ལེན་བྱས་ཤིང་། མོ་ལོ་དབྱི་ཡིས“ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ང་རང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ནས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་རྩལ་དག་ལྷོ་ཨ་ཧྥེ་རི་ཁར་བརྒྱུད་སྤྲོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
ཞོགས་པ་པེ་ཅིང་ནས་མྱུར་བགྲོད་མེ་འཁོར་ལ་བསྡད་དེ་ཐོན་ན་ཉིན་གུང་མ་ཟིན་གོང་ཧྲང་ཧའེ་རུ་འབྱོར་བ་དང་། གསོལ་མགྲོན་ཁང་དུ་བསྡད་རྗེས་མངགས་ཉོ་བྱས་མ་ཐག་འཕྲུལ་མིས་ཟ་མ་ཚ་པོ་ཉལ་ཁང་དུ་སྐྱེལ་བར་ཡོང་བ་སོགས། གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་སློབ་མ་ཐན་ཡ་ཡིས་རང་ཉིད་ཀྲུང་གོར་འཚམས་འདྲིར་བསྐྱོད་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་བཞིན་དེ་ནི་བསམ་ཚོད་ལས་འདས་པ་ཞིག་རེད་སྙམ་ཞིང་། ཐན་ཡ་ཡིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ངའི་མིག་མདུན་དུ་ཞིབ་ཅིང་ཕྲ་བ་མངོན་བྱུང་། ཀྲུང་གོའི་མི་དམངས་ཀྱི་འཚོ་བ་སྟབས་བདེ་ཞིང་སྐྱིད་སྣང་དོད་པ་མ་ཟད། ཐ་ན་ཚན་རྩལ་གྱི་ཚོར་སྣང་ཆེན་པོ་འདུག འདི་ལས་ང་རང་ལ་ལྷོ་ཨ་ཧྥེ་རི་ཁ་ཚུད་པའི་རྒྱལ་ཁབ་གང་ཞིག་ཡིན་རུང་ཚང་མས་དེང་རབས་ཅན་འཛུགས་སྐྲུན་བྱེད་སྐབས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་བསྲུངས་ནས། རྒྱལ་ཁབ་འདི་གའི་དམངས་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་དགོས་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད།
གཡོད་ཧན་ནེ་སི་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཕན་ཆིང་ཅང་གིས། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཁ་འབྲལ་ཐབས་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དང་ཀྲུང་གོའི་དེང་རབས་ཅན་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པར་གཞོལ་བཞིན་ཡོད། ད་ཐེངས་ཀྱི་གླེང་མོལ་ཚོགས་འདུ་བརྒྱུད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་གཞོན་ནུའི་མཐོང་རྒྱ་ཆེ་རུ་འགྲོ་བ་དང་མཛའ་གྲོགས་ཟབ་ཏུ་འགྲོ་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།