དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲོགས་པོ་ཧྥ་རན་སེ་བས་ཀྲུང་གོ་ཕྱོགས་ལ་རི་འགོག་དམག་འཁྲུག་གི་ལོ་རྒྱུས་པར་རིས་ཞལ་འདེབས་བརྒྱབ་པ།

    “ལོ་རྒྱུས་འདི་གཏན་ནས་བརྗེད་མི་རུང”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཚུའེ་དབྱིན། ཧྲང་ཁའེ་ཡོན།   |     སྤེལ་དུས།  2025-08-14

    ཉེ་ཆར། ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཧྥ་རན་སེའི་གྲོགས་པོ་མཱ་ཁུའུ་སི·ཏེ་ལེ་ཐེ་སི་ཡིས་ཀྲུང་གོ་ཕྱོགས་ལ་ཞལ་འདེབས་ཕུལ་བའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་པར་རིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད། མཱ་ཁུའུ་སི་ཡིས་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཆེ་མོ་བ་ཁྲེན་ཏུང་གི་ལག་ནས་ཧྲང་ཧའེ་སུང་ཧུའུ་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་ཞལ་འདེབས་ལག་ཁྱེར་དང་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་སོགས་བླངས་པ་རེད། ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་ནང“པར་རིས་དེ་དག་ནང་དུས་རབས་20པའི་ལོ་རབས་30པ་ནས་40པའི་བར་གྱི་ཀྲུང་གོའི་མི་སེར་ལ་རི་པིན་བཙན་འཛུལ་བས་མནར་གཅོད་བཏང་བའི་གདུག་རྩུབ་ཆེ་བའི་རྣམ་པ་དངོས་སུ་འཁོད་ཡོད་པ་མ་ཟད། རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་གི་ལོ་རྒྱུས་དངོས་དེ་བས་གསལ་སྟོན་བྱས་ཡོད”ཅེས་འཁོད་ཡོད་པ་རེད།

    མཱ་ཁུའུ་སི་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོག་ཡུལ་དུ“འདི་ནི་ང་ཚོའི་ཁྱིམ་རྒྱུད་ཀྱི་སྔར་སོང་གི་མྱོང་བ་རེད་ལ། ཡིད་མུག་པའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཀྱང་རེད། ལོ་རྒྱུས་འདི་གཏན་ནས་བརྗེད་མི་རུང”ཞེས་བརྗོད།

    འདི་ལོའི་ཟླ་2པར། མཱ་ཁུའུ་སི་ཡིས་རང་ཉིད་ཀྱི་སྤོ་བོ་ལུའོ་ཅེ·ཕི་ཨེར·ལའོ་ལུན་སི་སྐུ་འཚོ་བཞུགས་སྐབས་གཅེས་ཉར་གནང་བའི་ལོ་རྒྱུས་ཀྱི་པར་རིས་618རིན་མེད་ངང་ཧྲང་ཧའེ་སུང་ཧུའུ་རི་འགོག་དམག་འཁྲུག་དྲན་གསོ་ཁང་ལ་ཞལ་འདེབས་སུ་ཕུལ་བ་རེད། ལའོ་ལུན་སི་1914ལོར་ཧྥ་རན་སེའི་ཐུའུ་ལུའུ་ཙིར་སྐྱེས་པ་དང་དུས་རབས་གོང་མའི་ལོ་རབས་30པར་ཧྲང་ཧའེ་རུ་ཡོང་ནས་ཧྥ་རན་སེའི་བཙན་གཡར་བཅའ་སྡོད་ཁུལ་དུ་ལས་ཀ་བྱེད་མྱོང་ཡོད། 2021ལོར་མཱ་ཁུའུ་སིར་གློ་བུར་དུ་འདྲ་པར་དེ་དག་རྙེད། གསལ་འབྱེད་བྱས་པ་བརྒྱུད། འདྲ་པར་རྙིང་པ་དེ་དག་ཚང་མ་ཀོ་སྤྱིན་དངུལ་ཚྭའི་ཚོན་མེད་པར་ཤོག་ཡིན་པ་དང་། དུས་རབས་20པའི་ལོ་རབས་30པ་ནས་50པའི་བར་བཀྲུས་པ་ཤ་སྟག་རེད། འདྲ་པར་གྱི་ནང་དོན་ནང་སུང་ཧུའུ་མཉམ་རུབ་དམག་འཁྲུག་གོང་གི་ཧྲང་ཧའེ་དམངས་ཚོགས་ཀྱི་འཚོ་བའི་རྣམ་པ་ཡོད་ལ། དམག་འཁྲུག་ལངས་རྗེས་ཀྱི་ཡ་ང་བའི་རྣམ་པ་དང་རི་པིན་དམག་གི་གཏུམ་སྤྱོད་ཀྱང་ཡོད་པ་རེད།

    འདི་ལོ་ནས་བཟུང་། མཱ་ཁུའུ་སི་དང་གྲོགས་པོས་པེ་ཅིང་དང་། ཧྲང་ཧའེ། ཧྲན་ཏུང་སོགས་ས་གནས་ཀྱི་རི་འགོག་དམག་འཁྲུག་གི་དྲན་གསོའི་ལུས་རྩལ་ཁང་མང་པོར་འཚམས་འདྲི་བྱས་པས། ཀྲུང་གོའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལ་དེ་བས་ཤེས་རྟོགས་བྱུང་ཡོད། “འཚམས་འདྲི་འདི་བརྒྱུད་ང་ཚོས་དེ་བས་བརྒྱུད་རིམ་ལྡན་པའི་སྒོ་ནས་ལོ་རྒྱུས་དུམ་བུ་དེར་རྒྱུས་ལོན་བྱེད་ཐུབ། ལོ་རྒྱུས་དུམ་བུ་འདི་བརྗོད་པ་ནི་སེམས་ལ་དེ་བས་བརྟན་པོར་ངེས་ཆེད་ཡིན”མཱ་ཁུའུ་སི་ཡིས་ཞལ་འདེབས་ཕུལ་བའི་འདྲ་པར་དེ་དག་བརྒྱུད་ནུབ་ཕྱོགས་བ་དེ་བས་མང་བ་དང་ལྷག་པར་དུ་ན་གཞོན་ཚོས་ལོ་རྒྱུས་དེ་ཤེས་རྟོགས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།