དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སོ་ལྟ་ཁང་ནས་སོག་རྫོང་གི་འཕོ་འགྱུར་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-14

    ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་དུ་བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་དངོས་ས་ཚིགས་ཏེ་དམག་སྡེ་བཅོ་བརྒྱད་པའི་སོ་ལྟ་ཁང་ཡོད། ལོ་60ཡི་རིང་ཆར་རླུང་གིས་གཙེས་ཀྱང་འདམ་བག་ལས་གྲུབ་པའི་སོ་ལྟ་ཁང་དེ་ད་བར་འགྱིང་ངེར་གནས་ཤིང་། དེའི་ཐོག་ཏུ་འཁོད་པའི“མི་དམངས་ལ་ཞབས་འདེགས་ཞུ”ཞེས་པའི་ཡིག་འབྲུ་ཆེན་པོ་ལྔ་འདྲེན་བྱེད་ཡུལ་དུ་གསལ་ལམ་མེར་མངོན།

    ད་ཆ་སོ་ལྟ་ཁང་ནས་མར་བལྟས་ཚེ། སྐབས་དེ་དུས་ཀྱི་ས་ཕག་ཁང་པ་དང་འདམ་རྫབ་ལམ་གྱི་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པར། མིག་ལམ་དུ་མངོན་པ་ནི་གསར་དུ་བསྐྲུན་པའི་མང་ཚོགས་ཀྱི་གླུ་ལེན་གར་འཁྲབ་བྱ་ཡུལ་གསར་བརྗེའི་རིག་གནས་ཐང་ཆེན་དང་། དགོད་སྒྲས་ཁེངས་པའི་བོད་བཟོའི་ཐོག་ཁང་སྟར་པ་རེ་རེ། ཐག་རིང་དུ་བསྲིངས་པའི་གཞུང་ལམ་ཡངས་པོ་བཅས་རེད།

    གལ་ཏེ་རྒྱལ་ལམ་317གྱི་ལམ་དུམ་སོག་རྫོང་གི་ལམ་དུམ་དེ་འགྲིམ་འགྲུལ་གྱི་འགག་མདོ་ཆེན་པོ་ཞིག་ཡིན་ཚེ། ཟམ་མི་ཆད་པར་སྣུར་སྲིང་དང་རིམ་སྤོར་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་དག་ནི་ཁྲག་རྩ་ཕྲ་མོ་ཞིག་དང་འདྲ་བར་སོག་རྫོང་འཕེལ་རྒྱས་འགྲོ་བར་གསོན་ཤུགས་བསྣན་ཡོད། མིག་སྔར། སོག་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་2110ཟིན་ནས་ཤང་དང་གྲོང་རྡལ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། སྒྲིག་ཁོངས་གྲོང་ཚོ་124ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་91.93%ཟིན་ཏེ་ཤང་དང་གྲོང་རྡལ་6གི་གྲོང་གསེབ་ཏུ་འགྲུལ་སྐྱེལ་ལམ་ཐིག་བཏོད་ཡོད།

    ད་ཆ་སོག་རྫོང་གཡག་ལ་གྲོང་རྡལ་ནས་དཀར་སྨད་ཤང་དང་། རྒྱལ་ཆེན་ཤང་། རོང་པོ་གྲོང་རྡལ་བཅས་བར་གྱི་ཡུལ་སྐོར་སྐོར་ལམ་གྱི་རྣམ་པ་རགས་ཙམ་ཞིག་ཆགས་ཏེ་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་ཐུབ་བཞིན་ཡོད། དཀར་སྨད་ཤང་ཏང་ཨུད་དང་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་། ལེགས་སྒྲིག འོས་སྦྱོར་བཅས་ཧུར་ཐག་བྱས་པ་དང་ཆབས་ཅིག ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་དཀར་སྨད་ཤང་དེ་ཉིད་སོག་རྫོང་གི་ཡུལ་སྐོར་ལམ་ཐིག་ཐོག་གི་འོད་མདངས་འཚེར་བའི་མུ་ཏིག་ལྟ་བུར་འགྱུར་བར་བྱས་ཡོད།

    རྒྱལ་ལམ་317དུ་གནས་པའི་ཨ་ངུ་ལ་དུམ་བུའི་དཀར་སྨད་ཤང་གི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་རྫས་ཚབ་འཚོང་བྱེད་ས་དེ་ཡུལ་སྐོར་བས་རླངས་འཁོར་ཁ་བཀག་ནས་ངལ་གསོ་ས་དང་ཅ་དངོས་ཉོ་ས་ཞིག་ཏུ་གྱུར།

    གཞུང་ལམ་འགྲིམ་འགྲུལ་གྱི་དྲ་རྒྱ་འཐུས་སྒོ་ཚང་དུ་ཕྱིན་་པ་དེས་སོག་རྫོང་གི་མྱུར་སྐྱེལ་ཟོག་འགྲེམས་དང་ཐད་གཏོང་དྲ་ཚོང་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཏེ་ཞིང་འབྲོག་པའི་འཚོ་བར་སྟབས་བདེ་མང་པོ་བསྐྲུན་ཡོད།

    སོག་རྫོང་མཁོ་ཚོང་མཉམ་ལས་ཁང་གི་ཀྲུའུ་རེན་ཆོས་རྒྱལ་ཕུན་ཚོགས་ཀྱིས། 2022ལོའི་ཟླ་2པར་མཉམ་ལས་ཁང་བཙུགས་ཚུན། སོག་རྫོང་མཁོ་ཚོང་མཉམ་ལས་ཁང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་བརྡ་ལན་ཧུར་ཐག་ཞུས་ནས“མཁོ་ཚོང་དང་དྲ་ཐོག་ཕྱིར་ཚོང་ཟུང་འབྲེལ”གྱི་ལས་སྟེགས་བཏོད་ནས། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ས་ཚིགས་དང་། དམངས་ཕན་འཚོ་བའི་སྒོ་རྩིས་ཚོང་ཁང་། མྱུར་སྐྱེལ་ཟོག་འགྲེམས། ཐད་གཏོང་ཟོག་ཚོང་སོགས་ལས་རྣམ་མང་པོ་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1300ཙམ་ཟིན་པ་དང་། མིག་སྔར་མཁོ་ཚོང་མཉམ་ལས་ཁང་གི་ཁེ་ལས་1དང་། ཤང་དང་གྲོང་རྡལ་གྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་10 གྲོང་ཚོ་རིམ་པའི་མཁོ་ཚོང་དྲ་ཚོང་ཞབས་ཞུའི་དྲ་ཚིགས་46བཅས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གཞུང་ལམ་རེ་རེ་ཤར་གཏོང་ཐུབ་པ་ལས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་པ་ཙམ་མ་ཟད། སློབ་མ་མང་པོའི་སློབ་གཉེར་གྱི་ལམ་བུར་ལམ་སྟོན་ཐུབ་ནས་སོག་རྫོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པའི་བདེན་དཔང་ཡང་ཐུབ་ཡོད།

    —— ར་བ་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་20ལྷག་ཙམ་གྱིས་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་སོཌ་ཀྱི་ལས་དོན་ཧུར་ཐག་བསྒྲུབས་ཡོད།

    —— དཀར་སྨད་ཤང་འཕྲང་ཁ་གྲོང་ཚོའི་མང་ཚོགས་ཀྱིས་རང་འགུལ་ངང་དམའ་རིམ་སློབ་འབྲིང་གི་ཕུལ་བྱུང་སློབ་ཐོན་སློབ་མ་11དང་སློབ་ཆེན་ལ་རྒྱུགས་འཕྲོད་པའི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་2ལ་སློབ་ཞུགས་རོགས་དངུལ་སྤྲད་དེ་སློབ་སྦྱོང་ལ་བརྟེན་ནས་གཟི་བརྗིད་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་བཏོད་ཡོད།

    —— སོག་རྫོང་གི་སློབ་ཆུང་12དང་། སློབ་འབྲིང་2 བུ་བཅོལ་ཁང་30བཅས་ཀྱི་དགེ་རྒན་911གིས་བློ་རྩེ་གཅིག་སྒྲིམ་གྱིས་མི་བཟང་གསོ་སྐྱོང་བྱས་པས་སོག་རྫོང་གི་ལོ་དགུའི་འོས་འགན་སློབ་གསོའི་ཁྱབ་ཚད་100%ཟིན་ནས་རྒྱ་ཆེའི་ཞིང་འབྲོག་པའི་བུ་ཕྲུག་ལ་ཕུགས་འདུན་མངོན་འགྱུར་བྱེད་པའི་འགྲོ་ལམ་ཞིག་བཤངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།