དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཏིང་བ།

    —— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-14

    འདི་ནི་ཡར་ཉང་འདམ་རའི་མཛེས་ལྗོངས་ཡིན་པ།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་ལ་སྒྱུར་བཅོས་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྡེབ་གཅིག་ཏུ་འཆར་འགོད་དང་སྐུལ་འདེད་བཏང་ནས། གཏིང་ཟབ་པའི་གནད་དོན་རབ་དང་རིམ་པ་ཐག་གཅོད་ཧུར་ཐག་བྱས་ཡོད། མིག་སྔར། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། ཁོར་ཡུག་གི་སྤུས་ཚད་བརྟན་ཞིང་བཟང་བ། ལྗང་མདོག་ཐོན་ལས་འཕེལ་རྒྱས་བརྟན་པོ་བྱུང་བ། ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་པ། སྐྱེ་ཁམས་རིག་གནས་རིམ་བཞིན་གྲུབ་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“འཕེལ་རྒྱས”གོམ་སྟབས་མུ་མཐུད་མགྱོགས་སུ་ཕྱིན་པ།

    ཀོང་ཏུང་གི་ཡུལ་སྐོར་བ་ཨ་ཅག་ཙེང་ལགས་ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་སྤྲོ་འཆམ་ལ་བསྐྱོད་རྗེས། “ས་མཐོར་རི་འཛེག་ཐེངས་དང་པོ་ཡིན་པས་ཚོར་སྣང་གཞན་དང་མི་འདྲ་བ་ཞིག་བྱུང་། འདི་གའི་རྩྭ་རྩི་ཤིང་ཡག་ལ་ཁོར་ཡུག་མཛེས་པས། ཡུལ་སྐོར་ལ་ཡོང་རིན་ཆོག་སོང”ཞེས་བཤད།

    ད་ཆ་ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་ཡོང་མཁན་ཉིན་རེར་གྲོང་མི་དང་ཡུལ་སྐོར་བ་མི་ཐེངས་3000ནས་5000བར་ཟིན་པ་དང་དུས་ཆེན་གྱི་ངལ་གསོའི་རིང་མི་ཐེངས་ཁྲི་1ལྷག་ཙམ་ཟིན་ནས་སྤྲོ་གསེང་དང་། ཡུལ་སྐོར་ལྟ་སྐོར། ལུས་སྦྱོང་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་གཱ་ཐོ་འགོད་ས་ཞིག་ཏུ་རིམ་བཞིན་གྱུར་ཡོད།

    ལྷ་སའི་ལྷོ་རིའི་སྤྱི་གླིང་ནི་རང་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་མུ་མཐུད་བརྟན་དུ་གཏོང་བའི་བསྡུས་རིས་ཤིག་ཡིན་ཞིང་། བོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་འགོ་ཚུགས་པ་དང་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་གོང་འཕེལ་སོང་ཡོད།

    ལྷག་པར་དུ། 2021ལོ་ནས་2024ལོ་བར་རང་ལྗོངས་ཀྱིས་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་མུའུ་ཁྲི་2260.33ཉམས་གསོ་ལེགས་གྲུབ་བྱས་པ་དང་། མུའུ་ཁྲི་747.6གི་ཨ་བྲ་དང་། གནོད་འབུ། དུག་བཅས་ཀྱི་གནོད་འཚེ་བཅོས་སྐྱོང་བྱས་པ། བྱེ་འགྱུར་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་248བཅོས་སྐྱོང་བྱས་པ། རིམ་རྩིས་བརྒྱབ་ན་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་1387.21བཅོས་སྐྱོང་བྱས་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་མུའུ་ཁྲི་70ལེགས་སྒྲུབ་བྱས་པ་རེད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.02%ནས་48.07%བར་མཐོ་རུ་ཕྱིན་པ་དང་། ནགས་ཚལ་ཁྱབ་ཚད་12.31%བརྟན་པོ་བྱུང་བ། འདམ་ར་སྲུང་སྐྱོང་བྱེད་ཚད་68.75%བརྟན་པོ་བྱུང་བ། ཆུ་བོ་དང་མཚེའུ་དྭངས་གཙང་ཡིན་ཚད་100%ཟིན་པ་བཅས་རེད།

    2024ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ལ་སླེབས་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གནས་ཡུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་སྤུས་ཚད་ལོན་ཚད་100%དང་གཙོ་གནད་འཛུགས་སྐྲུན་ཐད་ས་ཆ་བདེ་འཇགས་ངང་སྤྱོད་ཚད་བསྟུད་མར་100%རྒྱུན་འཁྱོངས་ཐུབ་ཡོད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། རིམ་རྩིས་བརྒྱབ་ན། ས་མཐོའི་མཛེས་མཐུན་གྲོང་གསེབ་820བསྐྲུན་པ་དང་། ཁྱིམ་ཚང་གི་གསང་སྤྱོད་ཁྲི་43.62ལྷག་ཙམ་ལ་སྒྱུར་བཀོད་བྱས་པ། མི་ཕྱུགས་ལོགས་དབྱེའི་དུད་ཚང་ཁྲི་50ལྷག་ཙམ་ཟིན་པ། མི་ཕྱུགས་མཉམ་སྡོད་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གནད་དོན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ལྗོངས་ཡོངས་སུ་ཁྱིམ་ཚང་གསང་སྤྱོད་ཁྱབ་གདལ་གཏོང་ཚད་དང་མི་ཕྱུགས་ལོགས་དབྱེ་བྱེད་ཚད་80%དང་90%སོ་སོར་ཟིན་པ་བཅས་ཡིན་ཞིང་། སྤྱི་ཡོངས་ནས་ཐཱན་ཚད་སྙོམས་སྒྲིག་ཐུབ་ཡོད།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་འབྲེལ་ཡོད་ཚན་རིག་དཔྱད་དཔོག་སྙན་ཞུ་ལས་མངོན་པ་ལྟར་ན། བོད་ཀྱི་སྐྱེ་ཁམས་མ་ལག་གི་བཀོད་པ་སྤྱི་ཡོངས་ནས་བརྟན་པོ་དང་། སྤུས་ཚད་སྤྱི་ཡོངས་ནས་ཇེ་མཐོར་སོང་བ། བྱེད་ནུས་ཅུང་ལེགས་སུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་བྱེད་ནུས་རིམ་བཞིན་ཇེ་མཐོར་སོང་བ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་ཡོད་པ་བཅས་རེད།

    སྐྱེ་ཁམས་དམངས་ཕན་དམངས་ཕྱུག་གི་ཕན་འབྲས་ཆེན་པོ་རྒྱུན་མཐུད་ཐོན་པ།

    མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་འཁོར་རྒྱུག་ནི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཚན་རྩལ་པས་ཟམ་པས་ལམ་གྱི་ཚབ་བྱེད་པ་དང་། རྡོ་ལེབ་ལམ་གཞིར་འདིང་བ། རླུང་འགྲོའི་སྦུག་ལམ་ལམ་གཞིར་འདིང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལྕགས་ལམ་བསྐྲུན་པར་འགན་ལེན་བྱས་ཡོད། ལྕགས་ལམ་ལམ་ཐིག་ཧྲིལ་པོར་རི་སྐྱེས་སྲོག་ཆགས་ཀྱི་ཆེད་མངགས་བགྲོད་ལམ་33བཟོས་པ་དང་བྱེ་མའི་གནོད་འཚེ་བཅོས་སྐྱོང་དང་། རྩྭ་འདེབས་སྔོ་འགྱུར། སྤང་སྤོ་འཛུགས་སོགས་སྐྱེ་ཁམས་སྲུང་སྐྱོང་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད།

    མཚོ་བོད་ལྕགས་ལམ་བསྐྲུན་ནས་འཁོར་རྒྱུག་བྱས་རྗེས། ལོ་མང་རིང་གི་འཁྱགས་ས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཐུབ་པ་དང་། ལྕགས་ལམ་གཞོགས་གཉིས་ཀྱི་སྐྱེ་ཁམས་རྒྱུན་མཐུད་སླར་གསོ་བྱུང་བ། ས་ཁོངས་ཁག་གཅིག་མཐའ་འཁོར་གྱི་རང་བྱུང་གནས་བབ་དང་མཚུངས་པའམ་ཐ་ན་དེ་ལས་ལྷག་པ་བཅས་བྱུང་ནས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་གཏོང་བ། ས་ཁུལ་གྱི་དཔལ་འབྱོར་དང་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རམ་འདེགས་བྱེད་པ་བཅས་ཐད་ནུས་པ་གལ་ཆེན་བཏོན་ཡོད།

    ལྗོངས་ཡོངས་ནས་བལྟས་ན། ལོ་ངོ་60ཡི་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་འཆར་འགོད་བྱས་ཏེ། ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ལ་ཚོད་འཛིན་ཧུར་ཐག་བྱེད་པ་དང་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་འཁྱོངས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་སྤྱི་དམངས་བློ་ཡིད་ཚིམ་ཚད་ཅུང་མཐོ་པོ་བྱུང་བ་དང་ཆབས་ཅིག་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། མིག་སྔར། རང་ལྗོངས་སུ་འཁོར་རྒྱུག་དཔལ་འབྱོར་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ། ཁྱད་ལྡན་ཐོན་ལས་བཅས་ཁྱད་ཆོས་སུ་བྱས་པའི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རགས་ཙམ་བཙུགས་ཏེ་རང་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་འཚམ་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་སྲུང་སྐྱོང་གསར་སྤེལ་རྣམ་པ་ཧུར་ཐག་བཏོད་དེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་བཟོ་བ་དང་། ཞིབ་བཤེར། མཆན་འགོད་བཀའ་ལན་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་བསྒྲུབས་པ་དང་འབྲེལ་ལག་བསྟར་ཡང་བྱས་པ་དང་། ཞིང་ལས་དང་། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱི་བར་མཐོངས་བཅོས་སྐྱོང་གི་རྨང་གཞི་གསལ་བཟོ་བྱས་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་དགོས་མཁོའི་གྲངས་འབོར་དང་། ཚད་གཞི། དཔེ་རིས་བཅས་ཕྱོགས་ཡོངས་ནས་གཅིག་མཐུན་ཡོང་བར་བྱས་ཡོད།

    2021ནས་2024ལོ་བར། རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའི་མ་དངུལ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་136.8སྤྲད་དེ་ཞིང་འབྲོག་པ་ཁྲི་226.22ཀྱིས་རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་51.47སྤྲད་དེ་ཞིང་ལས་དང་ནགས་ལས་གཉེར་མཁན་མང་ཚོགས་ཁྲི་10.3གྱིས་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ལས་ཀ་ཆེད་གཉེར(གཅིག་ལྕོགས)བྱས་ནས་མི་རེར་ལོ་རེར་དོ་དམ་སྲུང་སྐྱོང་ཡོང་འབབ་སྒོར་7000ཡས་མས་ཐོབ་པ། ལོ་རེར་སྐྱེ་ཁམས་ལས་གནས་ཁྲི་50ལྷག་མཁོ་འདོན་བྱས་ནས་རྒྱ་ཆེའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་བར“སྐྱེ་ཁམས་ཡོང་འབབ”རག་པ་རེད། མངའ་རིས་ས་ཁུལ་དང་། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་ནགས་རྩྭའི་ཐཱན་འདུས་རྣམ་གྲངས་ཐོག་མ་སྔ་རྗེས་སུ་གྲུབ་འབྲས་ཐོབ་པའི་ངང་ཉོ་འཚོང་ཐུབ་པ་དང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་ལྷ་རྩེ་རྫོང་གིས་ལྟ་ཞིབ་ཚད་ལེན་དུས་རིམ་དང་པོའི་ནང་CCERསྔོན་མངགས་ཉོ་ཚོང་ཐུབ་ནས་ཉོ་ཚོང་དངུལ་འབོར་སྒོར་ཁྲི་550ཟིན་ཡོད་པ་རེད།

    སྐྱེ་ཁམས་ཤེས་དཔལ་སྒྱུར་བཅོས་ལམ་ལུགས་ཀྱི་ཕན་འབྲས་རྒྱུན་མཐུད་མངོན་པ།

    ལྗོངས་ཡོངས་ནས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་སྦྲགས། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ལ་བཟོ་བཅོས་རྒྱག་པ། 《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་ཁྱབ་བསྒྲགས་ལག་བསྟར་བཅས་བྱས་ནས། ཁྲིམས་སྐྱོང་སྟོབས་ཤུགས་སྤྱད་དེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་མཐའ་འཁྱོངས་བྱེད་པར་འགན་ལེན་བརྟན་པོ་བྱས་ཡོད། གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་བཞི་ཡིས་མཉམ་དུ་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ཁྲིམས་འཛུགས་ལས་དོན་ཐོག་མར་སྤེལ་ཏེ། ལྗོངས་ཡོངས་ཀྱི་དམིགས་བསལ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་འཛུགས་པའི་སྲོལ་བཏོད་ཡོད།

    ནགས་དབང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས《བོད་རང་སྐྱོང་ལྗོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་གི་ལག་བསྟར་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་གཙོ་གནད》སོགས་བཀྲམས་ནས་ལག་བསྟར་བྱས་ཡོད། ཞིང་ཆེན་མན་གྱི་སྐྱེ་ཁམས་ཁོར་ཡུག་སྒྲིག་གཞིའི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཁྲིམས་སྒྱུར་ཐད་ཀའི་དོ་དམ་ལམ་ལུགས་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་ཁོར་ཡུག་ཁྲིམས་སྒྱུར་དབང་ཆ་གཤམ་སྤྲོད་བྱས་ཏེ། ས་ཁུལ་དང་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་བཙུགས་ཡོད། ཁོར་ཡུག་ལྟ་ཞིབ་ཚད་ལེན་དབང་ཆ་གོང་དུ་བསྡུས་ནས་ས་ཁུལ་དང་གྲོང་ཁྱེར་7གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་བཙུགས་པ་དང་སྦྲགས། རྒྱུན་སྲོལ་གྱི་ལྟ་ཞིབ་ཚད་ལེན་བྱེད་ནུས་ལྡན་པར་བྱས་ནས། ལྗོངས་ཡོངས་སུ་ཁྱབ་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་རགས་ཙམ་བཙུགས་ཡོད།

    དུས་རབས་གསར་པར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པ་ནི“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི”ནང་དོན་གལ་ཆེན་ཞིག་རེད། རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་སྒྲིག་སྲོལ་ལ་རྒྱུན་ཆད་མེད་པར་སྒྱུར་བཅོས་བྱས་ནས་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་། མིའི་རིགས་ཀྱི་བྱེད་སྒོར་ཚན་རིག་དང་མཐུན་པའི་སྙོམས་སྒྲིག་ཚོད་འཛིན་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་ལག་བསྟར། སྐྱེ་ཁམས་བདེ་འཇགས་སྲུང་བཅད་མ་ལག་ལེགས་སུ་གཏོང་བ་བཅས་བྱས་ནས། མངོན་གསལ་དོད་པའི་སྐྱེ་ཁམས་དང་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུ། ཐཱན་ཉུང་རྒྱུན་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་དང་བདེ་འཇགས་ནུས་ཆེའི་ནུས་རྒྱུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་བསྒྱུར་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་མཐོའི་སྐྱེ་ཁམས་རིག་གནས་འཛུགས་སྐྱོང་ལས་སྟེགས་མ་ལག་དང་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དར་སྤེལ་གཏོང་བ། དེ་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།