ནགས་ཚལ་སྟུག་པོའི་ཁྲོད་དུ་ཆགས་པའི་ཀླུ་ནང་།
ཆ་སྙོམས་ས་བབ་སྨི་3385ཙམ་ཟིན་པའི་ཀླུ་ནང་ནགས་ཚལ་དང་སྨུག་སྤྲིན་གྱི་རྒྱ་མཚོ་ལྟ་བུའི་རང་བྱུང་མཛེས་ལྗོངས་ནི་ལྟ་བས་མི་ངོམ་པ་ཞིག་ཡོད་ཅིང་། ལང་མ་ལིང་དུ་རྒྱུ་བའི་སྨུག་སྤྲིན་དག་སེམས་ལྡན་མི་ཡིས་ཆེད་དུ་བཟོས་པ་དང་གཉིས་སུ་མེད་པར། མཚམས་མཚམས་སུ་མཉམ་དུ་རུབ་ནས་ས་འཛིན་ལྷུན་པོར་ཅོ་འདྲི་བ་དང་། ཡང་ལན་རེར་ཁ་ཐོར་ཏེ་དལ་འགྲོའི་རྒྱུན་ལ་འགྲན་པ་དང་མཚུངས། སྨུག་སྤྲིན་དང་ནགས་ཚལ་ལས་གྲུབ་པའི་ལྟ་ན་སྡུག་པའི་ཡུལ་ལྗོངས་འདི་ལྟ་བུ་མིག་ལམ་དུ་འཆར་སྐབས། རི་མོ་མཁན་ཚོར་ཡང་རང་དབང་མེད་པར་སྨྱུ་གུ་ལག་ཏུ་བཟུང་སྟེ་མཛེས་པ་དག་ཤོག་ཐོག་ཏུ་འབེབས་འདོད་ཀྱི་བློ་ཞིག་ངང་ངམ་ཤུགས་སུ་མི་སྐྱེ་ཅི་ལ་སྲིད།
བཀྲ་ཤིས་སྒང་གྲོང་ཚོའི་འགྲམ་གྱི་མེ་ཏོག་ར་བའི་འབྲོག་རར་སྐལ་བཟང་མེ་ཏོག་དང་ཚོན་མདངས་རྣམ་པར་བཀྲ་བའི་རི་སྐྱེས་མེ་ཏོག་སྣ་ཚོགས་སྤང་ལྗོངས་སུ་ཁྲ་ལྷམ་མེར་བཞད་ཅིང་། དེའི་སྟེང་དུ་ཕྱེ་མ་ལེབ་རང་དགར་འཕུར་ལྡིང་བྱེད་བཞིན་མཆིས། འདི་ཡང་ཀླུ་ནང་ནི་ཡུལ་སྐོར་བ་མང་པོ་ཡོང་སའི་ས་ཆ་གྲགས་ཅན་ཞིག་རེད། མཚམས་འདིར་ཡུལ་སྐོར་བ་འགའ་ཞིག་གིས་རྟར་བཞོན་ཏེ་ས་མཐོའི་དབེན་ཞིང་འཇམ་ལ་མཛེས་པས་ཕྱུག་པའི་ཁོར་ཡུག་ཁྲོད་དུ་དལ་གྱིས་རྒྱུ་བཞིན་འདུག “དེ་འདྲའི་མཛེས་པ་ལ་ཨང་། རྗེས་མ་འདི་གར་གཉེན་སྒྲིག་པར་རྒྱག་ཏུ་ཡོང་ཐག་ཆོད་ཡིན”ཞེས་སི་ཁྲོན་གྱི་ཡུལ་སྐོར་བ་ལི་ཧའེ་ཡིས་མྱོང་ཚོར་ཟབ་མོས་བརྗོད།
འབྲོག་ར་ནས་ཡུལ་སྐོར་བའི་དགོད་སྒྲ་ལྷང་ལྷང་དུ་གྲགས་པ་མ་ཟད། ཡུལ་མི་རྣམས་ལའང་ཡོང་འབབ་ཡག་པོ་ཡོང་གི་ཡོད། ཡུལ་མི་པད་མ་དབང་ཆེན་གྱིས་གསར་འགོད་པར། ཡུལ་སྐོར་བས་བཞོན་པའི་རྟ་ཁམ་པ་དེ་ངའི་ཁྱིམ་གྱི་རེད་ཅེས་བརྗོད། པད་མ་དབང་ཆེན་མིག་སྔར་ལྷ་སར་སློབ་ཆེན་ལོ་རིམ་དང་པོ་འགྲིམ་བཞིན་ཡོད་པ་དང་དབྱར་གསེང་ལ་ཁོམ་པ་ཡོད་དུས་རྟག་པར་འབྲོག་རར་རྟ་འཁྲིད་རོགས་བྱེད་ཀྱི་ཡོད། མེ་ཏོག་ལྡུམ་རའི་འབྲོག་རར་ཁྱོན་བསྡོམས་རྟ་15ཡོད་པ་ཚང་མ་ཁྱིམ་ཚང་སོ་སོས་གསོས་པ་ཤ་སྟག་རེད། ལོ་ལྟར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཉིན་ལྟར་ཡུལ་སྐོར་བ་བརྒྱ་ཡན་ལ་སྣེ་ལེན་ཞུ་གི་ཡོད་པ་རེད།
ཆུང་དུས་ནས་འདི་གར་འཚར་ལོངས་བྱུང་བའི་པད་མ་དབང་ཆེན་གྱིས་ཀླུ་ནང་གི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཡོད། “ད་ཆ་ཁྱིམ་ཚང་ཚང་མས་དམངས་སྲོལ་གནས་ཚང་དང་། ཟ་ཁང་། ཚོང་ཁང་བཅས་བཙུགས་ཡོད” པད་མ་དབང་ཆེན་ཁྱིམ་གྱིས་ཀྱང་ཡུལ་ཟོག་ཚོང་ཁང་ཞིག་བཙུགས་ཡོད་པ་དང་ལོ་ལྟར་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཀླུ་ནང་ཡང་སྔར་བས་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད།
ཀླུ་ནང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ཡ་ནན་གྱིས་ངོ་སྤྲོད་བྱས་དོན། མིག་སྔར་གྲོང་རྡལ་དུ་གསོལ་མགྲོན་ཁང་དང་། དམངས་སྲོལ་གནས་ཚང་། ཟ་ཁང་བཅས་190ཡོད་པ་དེ་ལོ་3གོང་ལས་60%འཕར་ཡོད། 2023ལོ་དང་2024ལོར“དབྱར་དུས་ཀླུ་ནང་དུ་ཡུལ་སྐོར་བྱེད་པའི”རྣམ་གྲངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་94.5ཡི་ཡིད་དབང་བཀུག་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་9370བྱུང་ཡོད།
“2023ལོའི་ཟླ་བ་2པར་ང་ཚོའི་ནང་གི་དམངས་སྲོལ་གནས་ཚང་དེ་སྔའི་ཁང་མིག་4ནས་ཁང་མིག་10བར་མང་དུ་བཏང་ནའང་ད་ལོ་ཡང་ཁང་མིག་ཉུང་དྲགས་འདུག” ཡུལ་མི་བསྟན་འཛིན་གྱིས་ནང་མི་དང་མཉམ་དུ་དམངས་སྲོལ་གནས་ཚང་ཞིག་གཉེར་ཡོད་པ་དང་ན་ནིང་དེ་ལས་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་30ཙམ་བྱུང་ཡོད་པ་རེད།
“དུས་ཚིགས་འདིར་བེ་ཤ་ཡག་ཤོས་ཡིན་པས་འགྲུལ་པ་མང་པོ་ཞིག་བཟའ་འདོད་ཆེན་པོ་བྱུང་ནས་ཡོང་གི་འདུག”ཅེས་བསྟན་འཛིན་གྱིས་བརྗོད་པ་དང་། ཁོང་གིས་ཉིན་ལྟར་རི་སྟེང་དུ་བེ་ཤ་བརྐོ་བར་འགྲོ་བ་དང་མཚམས་རེ་ཉིན་གཅིག་ལ་རྒྱ་མ་5ཙམ་བརྐོ་ཐུབ་ཀྱི་ཡོད། ཞག་སྡོད་འགྲུལ་པས་རྟག་ཏུ་ཁོང་དང་མཉམ་དུ་རི་སྟེང་དུ་བེ་ཤ་བརྐོ་བར་འགྲོ་བ་དང་བེ་ཤ་བརྐོ་བའི་འགྲུལ་བཞུད་དེའང་ཀླུ་ནང་དུ་དགའ་བསུ་ཆེན་པོ་ཐོབ་པའི་ཁྱད་ལྡན་ཉམས་ལེན་ཞིག་ཏུ་གྱུར་ཡོད།
ཀླུ་ནང་དུ་ཡུལ་ལྗོངས་རེ་རེ་དང་གཏམ་རྒྱུད་རེ་རེ་ལའང་རང་རང་སོ་སོའི་ཁྱད་ཆོས་རེ་ཡོད་པས་སེམས་ཀྱིས་ཚོར་དགོས་པ་དང་དྲན་ཤེས་ཀྱི་མཚོ་མོར་ཉར་རིན་ཡོད་པ་ཤ་སྟག་རེད།
འབྲེལ་ཡོད་གསར་འགྱུར།