འཕེལ་རྒྱས་ཀྱི་གོ་སྐབས་དང་། མི་མངོན་པའི་སྟོབས་ཤུགས། ལེགས་ཆ་བཅས་ཇི་ལྟར་བྱས་ནས་བེད་སྤྱོད་ཡག་པོ་བྱེད་དགོས།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“འཕེལ་རྒྱས་ཀྱི་གོ་སྐབས་དང་། མི་མངོན་པའི་སྟོབས་ཤུགས། ལེགས་ཆ་བཅས་བེད་སྤྱོད་ཡག་པོ་བྱས་ཏེ། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས”ཞེས་ནན་བཤད་བྱས་པར་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་དགོས།
གོ་སྐབས་ཀྱི་མདུན་དུ་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་བྱེད་པའི་ནུས་པར་ཚོད་བགམ་ཐུབ་པ་བྱེད་དགོས། ཚན་རྩལ་གསར་བརྗེ་དང་ཐོན་ལས་ལ་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པས། སུས་སྔོན་ལ་གོ་སྐབས་དམ་འཛིན་བྱས་ན་དེར་རང་འགུལ་དབང་ཆ་ཐོབ་ཐུབ། སྤྱི་ཡོངས་ཁྲོད་དུ་གནས་གཏན་འཁེལ་གྱིས་འགག་རྩའི་གནས་སུ་གནས་ཐུབ་ཚེ་ད་གཟོད་གོ་སྐབས་དམ་འཛིན་གྱིས་དཔའ་ངར་ཆེན་པོས་རླབས་རྒྱུན་གྱི་མདུན་དུ་ལངས་ཐུབ།
མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་བྱེད་པར་ཕན་ནུས་ལྡན་པའི་ཁྲོམ་ར་དང་བྱས་རྗེས་ལྡན་པའི་སྲིད་གཞུང་ཟུང་འབྲེལ་བྱེད་པར་བརྟེན་དགོས། ད་ལོའི་ལོ་སྟོད་དུ་ནང་མཁོ་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་ནུས་ལྡན་ལག་ལེན་ཧུར་ཐག་བསྟར་བས། ནང་མཁོ་རྒྱ་ཆེར་ཕྱིན་པ་མ་ཟད་འཛད་སྤྱོད་དེ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། ལག་ལེན་ལས། གཞི་ཆེའི་སྲིད་ཇུས་རྒྱུན་མཐུད་ཤུགས་འདོན་དང་དུས་བསྟུན་ངང་ཤུགས་བརྒྱབ་སྟེ་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ཡོང་བར་དམ་འཛིན་ཡག་པོ་བྱས་ཚེ་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ནུས་ལྡན་ངང་འདོན་ཐུབ་པ་ར་འཕྲོད་བྱུང་ཡོད།
ལེགས་ཆ་བེད་སྤྱོད་ཡག་པོ་བྱེད་པར་ལྷག་པར་དུ་ངེས་ཤུགས་རྒྱུན་འཁྱོངས་དང་རང་འགུལ་དབང་ཆ་ཆེ་རུ་གཏོང་དགོས། རང་རྒྱལ་ལ་ཤེས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་དེས་ལག་རྩལ་ཚད་བརྒལ་དང་གསར་གཏོད་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད། སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ཚེ། མིག་སྔ་ཙམ་དུ་མ་ཟད་འབྱུང་འགྱུར་ལའང་རྒྱལ་ཁ་དེ་བས་ཐོབ་ངེས་རེད།
མི་མངོན་པའི་སྟོབས་ཤུགས་གྲུབ་འབྲས་དངོས་སུ་ཟམ་མི་ཆད་པར་བསྒྱུར་བ་དང་ལེགས་ཆ་རྒྱལ་ཁ་ཐོབ་བྱེད་དུ་བསྒྱུར་ཏེ་ཉེན་ཁ་དང་འགྲན་སློང་ཁྲོད་ནས་མདུན་ལམ་མཐོང་བ་དང་གོ་སྐབས་དམ་འཛིན་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རླབས་གཤགས་ལ་བརྟེན་ནས་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།