ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་སི་ཕེན་པེར་ཝུའེ་སིའི་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱིས་ལྗང་མདོག་མཉམ་ལས་ལ་བཀྲག་མདངས་བསྣན་པ།
“འོད་ཤུགས་དང་རང་བྱུང”ཟུང་འབྲེལ་གྱི་རྣམ་པ་གསར་པ་བཏོད་པ།
འདི་ནི་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་བ་དང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིའི་མ་འཇོག་ཚད་ཡོད་ཀུང་སིའི་ཁོངས་གཏོགས་སི་ཕེན་གྱི་ACISAཀུང་སིས་སྐྲུན་འགན་འཁུར་བའི་པེར་ཝུའེ་སིའི་འོད་ཤུགས་གློག་ཁང་གི་རྣམ་གྲངས་ཡིན་པ།
སི་ཕེན་གྱི་རྒྱལ་ས་མ་ཏེ་རི་ནས་རླངས་འཁོར་བཏང་སྟེ་ལྷོ་ནུབ་ཕྱོགས་སུ་སྐྱོད་སྐབས། རླངས་འཁོར་གྱི་སྒེའུ་ཁུང་ཕྱིའི་ཡུལ་ལྗོངས་རིམ་བཞིན་སྒང་གཤོང་མུ་འབྲེལ་གྱི་རི་མ་ཐང་དུ་གྱུར།
ཨེ་སི་ཐེ་ལེ་མ་ཏུའུ་ལཱ་ས་ཁུལ་ཆེན་པོར་འབྱོར་ནས་ལྟ་སྐབས། རྒྱལ་ལམ་A5དང་ཐག་ཉེ་བའི་རི་ལྡེབས་སུ་སྒྲིག་སྦྱོར་བྱས་པའི་ཉི་ནུས་འོད་ཤུགས་ཤེལ་ལེབ་དག་ས་བབ་ཀྱི་སྒང་གཤོང་དང་བསྟུན་ནས་རྒྱང་རིང་དུ་སྣུར་སྲིང་བྱས་པ་མཐོང་ཐུབ། འོད་ཤུགས་ཤེལ་ལེབ་ཀྱི་གསེབ་ཏུ་ལུག་ཁྱུ་བག་ཕེབས་ངང་རྩྭ་བཟའ་བཞིན་པ་གསལ་ལ་མི་གསལ་མངོན། “འོད་ཤུགས་དང་རང་བྱུང”ཟུང་འབྲེལ་གྱི་ལྗང་མདོག་ཐཱན་ཉུང་གི་མཛེས་སྡུག་ལྡན་པའི་རི་མོ་ཞིག་གྲུབ།
དེ་ནི་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་བ་དང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིའི་མ་འཇོག་ཚད་ཡོད་ཀུང་སིའི(གཤམ་དུ“ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིའི་མ་འཇོག”ཅེས་བསྡུ་རྒྱུ)ཁོངས་གཏོགས་སི་ཕེན་གྱི་ACISAཀུང་སིས་སྐྲུན་འགན་འཁུར་བའི་པེར་ཝུའེ་སིའི་འོད་ཤུགས་གློག་ཁང་གི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་181ཙམ་ཟིན་པ་དང་། གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཀྲའོ་ཝ་104ཟིན་པ། ལོ་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2ཙམ་ཟིན་གྱི་ཡོད་ཅིང་། འདི་ལོའི་ཟླ་བ་གསུམ་པར་གཤོངས་ཚད་ཧྲིལ་པོ་ཚོང་ལས་རྣམ་པའི་འཁོར་རྒྱུག་དངོས་སུ་ཐུབ་པ་རེད།
“པེར་ཝུའེ་སིའི་འོད་ཤུགས་གློག་ཁང་ནི་ཀྲུང་གོ་དང་སི་ཕེན་གཉིས་ཀྱིས་ལྗང་མདོག་མཉམ་ལས་འཚོལ་ཞིབ་བྱེད་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད” འགག་གསུམ་ཡོ་རོབ་ཀུང་སི་སྔོ་འགྱུར་གསར་སྤེལ་པུའུ་ཡི་ཀྲུའུ་རེན་ལེ་ཀྲེན་གྱིས། མིག་སྔར་རྣམ་གྲངས་ནང་སྤྱོད་པའི་འོད་ཤུགས་ལྷུ་ལག་དང་། ལྡོག་སྒྱུར་ཡོ་ཆས། སྒམ་སྒྱུར་སྒྲིག་ཆས། གློག་སྒྱུར་ཆས་གཙོ་བོ་སོགས་ལྟེ་བའི་སྒྲིག་ཆས་ཚང་མ་ནི“ཀྲུང་གོའི་རིག་སྐྲུན”ཤ་སྟག་རེད། དེ་ལས་ནུས་རྒྱུ་གསར་པའི་བཟོ་སྐྲུན་ཁྱབ་ཁོངས་ནང་གི་ཀྲུང་གོའི་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་མངོན་པ་མ་ཟད། སི་ཕེན་ས་གནས་དེ་གའི་སྒྲིག་ཆས་བེད་སྤྱོད་ཚད་གཞི་དང་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་ཡང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་བརྗོད། དེས་ཀྲུང་གོའི་འབྲེལ་ཡོད་ཐོན་ལས་གསར་གཏོད་ལ་གཅིག་ཅར་དུ་སྐུལ་འདེད་བཏང་བ་སྟེ། ཐོན་རྫས་ཀྱིས་ས་གནས་དེ་གའི་ཚད་གཞི་ཡི་དགོས་མཁོ་སྐོང་དགོས་ལ་མ་གནས་ལུགས་མཐུན་ངང་ཚོད་འཛིན་བྱེད་དགོས་ཀྱི་ཡོད། “ང་ཚོའི་ངོས་ནས་བརྗོད་ན། དེ་ནི་འགྲན་སློང་ཞིག་ཡིན་ལ་གོ་སྐབས་དེ་བས་ཀྱང་ཡིན”ཞེས་ལེ་ཀྲེན་གྱིས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། 2030ལོའི་ལོ་མཇུག་ཏུ་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུས་གློག་ཤུགས་གྲུབ་ཆའི་ཁྲོད་81%བཟུང་བའི་དམིགས་ཚད་མངོན་འགྱུར་བྱ་ཆེད། སི་ཕེན་སྲིད་གཞུང་གིས་ནུས་རྒྱུ་གསར་པ་བཀོད་སྒྲིག་བྱེད་ཚད་མགྱོགས་སུ་གཏོང་བཞིན་ཡོད་པ་རེད། སི་ཕེན་ལ་ཁོར་ཡུག་སྲུང་སྐྱོང་དང་། བདེ་འཇགས། རྣམ་གྲངས་དོ་དམ་མ་ལག་བཅས་ཐད་བྱང་ཆུབ་པའི་ཉམས་མྱོང་ལྡན་ཡོད། ཀྲུང་གོའི་ཁེ་ལས་ལ་ལག་རྩལ་འཛོམས་པ་དང་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་ཐད་ལེགས་ཆ་མངོན་གསལ་དོད་པོ་ལྡན་པ་ལས། སི་ཕེན་གྱི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྒུལ་ཤུགས་གསར་པ་བསྣོན་རྒྱུ་རེད། ལྗང་མདོག་ནུས་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། སི་ཕེན་གྱི“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ཁ་ལུའོ་སི·པི་ཨེར་ས་ཡིས། ཀྲུང་གོའི་ཁེ་ལས་ནི་མ་དངུལ་གཏོང་མཁན་ཞིག་རེད་ལ། ལག་རྩལ་ནང་ཞུགས་མཁན་དང་བྱེད་ཐབས་ལ་སྐུལ་འདེད་གཏོང་མཁན་ཞིག་ཀྱང་རེད། ཕྱོགས་གཉིས་པོའི་ཁེ་ལས་མཉམ་ལས་ལ“དོན་སྙིང་ངོ་མ་ལྡན་པའི་ཕན་ཚུན་གསབ་རེས་དང་མཉམ་སྐྲུན”ཞིག་ཆགས་ཡོད་ཅེས་བརྗོད།
(འདི་ག་ཚགས་པར་ཁང་དུ་མ་ཏེ་རི་ནས་ཟླ་8ཚེས་2ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།