དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཀྲི་ཝུན།   |     སྤེལ་དུས།  2025-08-13

    “ཀྲུང་གོའི་ད་ལྟའི་བརྟན་ལྷིང་དང་དར་རྒྱས་ཀྱི་རྣམ་པ་དེ་ལས་ཀྲུང་གོའི་འཕེལ་རྒྱས་ལ་སེམས་ཁུར་བྱེད་མཁན་མི་རྣམས་ལ་སྐུལ་མ་ཐེབས་ཀྱི་ཡོད” ཡེ་མེན་གསར་འགོད་པའི་མནའ་འབྲེལ་གྱི་དྲུང་ཆེ་སུའུ་ལའེ་ཤིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་མ་ཟད། མིའི་རིགས་ཀྱི་ཤེས་དཔལ་ལའང་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་རྒྱུ་རེད་ཅེས་བརྗོད།

    སུའུ་ལའེ་ཤིས་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་མྱོང་ཡོད། ཁོང་གིས“འཚམས་འདྲིར་ཡོང་རིམ་བཞིན་ང་ལ་གྲུབ་འབྲས་མང་པོ་ཐོབ་བྱུང་། གྲོང་ཁྱེར་དང་། ཁེ་ལས། བཟོ་གྲྭ་བཅས་མི་འདྲ་བར་འཚམས་འདྲི་བྱས་པ་བརྒྱུད། ཀྲུང་གོས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་པ་ངས་ཤེས་བྱུང”ཞེས་བཤད། ཁོང་གིས་ཀྲུང་གོའི་མི་དམངས་ཞི་བདེར་དགའ་བ་དང་། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། བབ་ཆགས་ཁེངས་སྐྱུང་བཅས་ཡོད་ཅིང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས།

    “ཀྲུང་གོར་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་དེར་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་ལས་དོན་པས་ཞིབ་འཇུག་ནན་ཏན་བྱེད་པ་དང་འབྲེལ་འཕྲིན་སྤེལ་བྱེད་རིན་ཆེན་པོ་འདུག” ཀྲུང་གོར་སྡོད་རིང་ངས་གྲོང་གསེབ་ས་ཁུལ་ཁག་གཅིག་ལ་བཅར་འདྲི་གཏིང་ཟབ་བྱས་ནས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ལ་བག་ཆགས་ཟབ་མོ་བྱུང་ཞེས་སུའུ་ལའེ་ཤིས་བརྗོད། ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོས་དབུལ་ཕོངས་སེལ་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཐང་རྒོད་ཅན་འགོག་བཅོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ངོས་འཛིན་བྱས་ཡོད། “ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་འདུག”

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།