དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་དྲ་ཚོང་ཁྲོམ་ར་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱང་དབྱི།   |     སྤེལ་དུས།  2025-08-13

    འདི་ནི་ཅིང་ཏུང་ཟོག་འགྲུལ་མ་ལེ་ཞི་ཡའི་མཛོད་ཁང་དུ་ལས་མིས་དངོས་ཟོག་བསྡུ་གསོག་རྒྱག་བཞིན་པ།

    ཉེ་ཆར། སིང་ཀ་ཕོར་ཤིན་ཀྲན་ཚོགས་པ་མཉམ་འབྲེལ་ཁྲོམ་རའི་ཏུང་ཁྲ་ཀུང་སི་Cubeཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། 2012ནས་2024ལོ་བར་ཨེ་ཤེ་ཡ་ཤར་ལྷོའི་དྲ་ཚོང་ལོ་འཁོར་གྱི་ཕྱིར་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་40ནས་ཨ་སྒོར་དུང་ཕྱུར་1840བར་འཕར་ཡོད། སྔོན་དཔག་བྱས་ན། 2030ལོར་སླེབས་སྐབས་ས་ཁུལ་དེའི་དྲ་ཐོག་ཕྱིར་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་4100བར་འཕར་རྒྱུ་རེད། ཨེ་ཤེ་ཡ་ཤར་ལྷོའི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དྲ་ཚོང་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད། ཀྲུང་གོའི་དྲ་ཚོང་ཁེ་ལས་དང་ས་གནས་དེ་གའི་ཁེ་ལས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་འཛད་སྤྱོད་པར་མགྱོགས་ལ་སྟབས་བདེ་བའི་དྲ་ཐོག་ཉོ་སྒྲུབ་ཐུབ་པར་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་དྲ་ཚོང་ཐོན་ལས་ཀྱི་ལག་རྩལ་ལས་སྟེགས་རིམ་སྤོར་དང་། ཟོག་འགྲུལ་མ་ལག་གསར་གཏོད། ལས་རིགས་ཀྱི་ཤེས་ལྡན་པ་རང་ཡུལ་ཅན་གྱི་གསོ་སྐྱོང་བཅས་ལ་རོགས་རམ་ཟམ་མི་ཆད་པར་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་དྲ་ཚོང་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

    འཛད་སྤྱོད་པའི་ཉོ་སྒྲུབ་ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་བ།

    “ཟོག་འགྲུལ་མགྱོགས་ལ་ཐུམ་སྒྲིལ་ཡག་པ་དང་ཚོང་ཟོག་གི་སྤུས་ཚད་ཧ་ཅང་ཡག་པས་འོས་སྦྱོར་བྱེད་རིན་ཆེན་པོ་འདུག”དང་། “ཇུས་འགོད་དེང་རབས་དང་མཐུན་ལ་སྟབས་བདེ་བ་དང་ལྗིད་ཚད་སྤྱི་རྒྱ་200ཐེག་གི་ཡོད” “མཁྲེགས་ལ་སྤྱོད་ཡུན་རིང་བའི་ངར་ལྕགས་ཀྱི་གྲུབ་ཆ་ཇུས་འགོད་བྱས་པ་དང་ཆེ་ཆུང་དང་ཚོས་གཞི་མང་པོ་ཡོད། ཉི་གཡབ་དང་མེ་ཏོག་ལྡུམ་རའི་ནང་བཞག་ན་འཚམ་པོ་འདུག”སོགས་ཨེ་ཤེ་ཡ་ཤར་ལྷོའི་དྲ་ཚོང་ལས་སྟེགས་ཀྱི“ལའེ་ཙན་ཏ”ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་བྱ་རིམ་གྱི་ཁ་ཕྱེ་ཚེ“ཕུགས་འདུན་ཁྱིམ་ཚང”ཟེར་བའི་ཚོང་ཁང་ཆུང་ཆུང་ཞིག་ལ་གདེང་འཇོག་ཡག་པོ་ཐོབ་ཚད་95%ཟིན་ཡོད། ཚོང་ཁང་དེས་གཙོ་བོ་ཁྱིམ་ཆས་སྣ་ཚོགས་དང་། བཙའ་མི་རྒྱག་པའི་ལྕགས་ཐབ་དང་གློག་ཆས་ཚོང་བཞིན་ཡོད། ཚོང་ཁང་ནང་གི་སྨྱུག་བསླས་དང་། འཁྲི་ཤིང་གི་ཅོག་ཙེ་དང་རྐུབ་བཀྱག་སོགས་ཐོན་རྫས་ལ་ཐེ་ལན་གྱི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཉོ་མཁན་མི་ཉུང་བ་ཞིག་གིས་ཐེ་ལན་གྱི་སྐད་དང་དབྱིན་སྐད་སོགས་ཀྱི་ཐོག་ནས་དཔྱད་གཏམ་ཁུལ་དུ་ལན་འཇོག་པ་མ་ཟད། རང་ཁྱིམ་གྱི་ཉི་གཡབ་བམ་ཡང་ན་མེ་ཏོག་ལྡུམ་རའི་ནང་བཞག་པའི་ཅོག་ཙེ་དང་རྐུབ་བཀྱག་སོགས་ཉོ་མཁན་ལ་མཉམ་སྤྱོད་བྱེད་ཀྱི་ཡོད།

    “ང་ཚོའི་ཚོང་ཁང་ནས་བཙོངས་པའི་འཁྲི་ཤིང་གི་ཅོག་ཙེ་དང་རྐུབ་བཀྱག་གི་བཟོ་ལྟ་ལེགས་ལ་དར་བཟོ་ཆེ་བ་དང་རིན་གོང་འཚམ་པས་ས་གནས་དེ་གའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད” ཡུན་ནན་གྱི་བུ་མོ་ཡུས་ལེ་ནི་ཚོང་ཁང་ཆུང་ཆུང་དེའི་སྦྱིན་བདག་ཡིན་པ་དང་སློབ་ཆེན་དུ་ཐེ་ལན་གྱི་སྐད་སྦྱངས་པའི་ཁོ་མོ་སློབ་གྲྭ་ཐོན་རྗེས་ཐེ་ལན་དུ་འཚོ་བ་སྐྱེལ་བར་ཡོང་ཡོད། ཡུས་ལེ་ཡིས། “ངས་ཀུང་སི་འདི་གཉེར་སྐྱོང་བྱས་ནས་ལོ་4ལྷག་ཙམ་ཕྱིན་པ་དང་མིག་སྔར་ཐེ་ལན་དུ་ལས་མི་26ཡོད། ཁོང་ཚོས་གཙོ་བོ་ཐད་གཏོང་དང་། ཚོང་ཞབས། ཐུམ་རྒྱག མཛོད་ཁང་དོ་དམ་སོགས་ཀྱི་ལས་སྒོའི་འགན་འཁུར་གྱི་ཡོད”ཅེས་བཤད།

    ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་མི་འབོར་དུང་ཕྱུར་7ཙམ་ཡོད་པ་དང་གཞོན་ནུ་མང་ཙམ་ཡོད། གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་8པ་བར་ལོ་སི་དང་། འབར་མ། ཐི་མོར་ཤར་མ་བཅས་ཕུད། ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་མཉམ་སྦྲེལ་དྲ་རྒྱ་ཁྱབ་གདལ་གཏོང་ཚད་70%ལས་བརྒལ་ནས་གོ་ལ་ཧྲིལ་པོའི་དྲ་ཚོང་ཁྲོམ་རའི་ཁྲོད་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་པའི་ས་ཁོངས་ཤིག་རེད།

    ཡུས་ལེ་ཡིས“ཉེ་བའི་ལོ་ཤས་རིང་། ཐེ་ལན་བའི་འཛད་སྤྱོད་གོམས་གཤིས་ལ་འགྱུར་ལྡོག་མྱུར་པོ་བྱུང་བ་དང་དྲ་ཐོག་འཛད་སྤྱོད་ཀྱི་བསྡུར་ཚད་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། མིག་སྔར། ཐེ་ལན་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་དྲ་ཚོང་ཁྲོམ་རར་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་དང་། ཚོང་ཟོག་རིགས་མང་པོ་ཞིག་ས་གནས་དེ་གའི་དྲ་ཚོང་ལས་སྟེགས་ཐོག་ད་དུང་མཐོང་རྒྱུ་མེད”ཅེས་བཤད། ཡུས་ལེ་ཡི་ཀུང་སིའི་འགྲམ་དུ་དྲ་ཚོང་ལས་རིགས་གཉེར་མཁན་ཀྲུང་གོའི་ཁེ་ལས་བཅུ་གྲངས་ཡོད་པ་དང་ཁོང་ཚོས་ཨེ་ཤེ་ཡ་ཤར་ལྷོའི་དྲ་ཚོང་ཁྲོམ་རར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ཚོང་ལས་གོ་སྐབས་ལ་དམིགས་ནས་ས་གནས་དེ་གའི་འཛད་སྤྱོད་པར་དེ་བས་ཕུན་སུམ་ཚོགས་པའི་ཉོ་སྒྲུབ་ཉམས་ལེན་མཁོ་འདོན་བྱེད་བཞིན་ཡོད་པ་རེད།

    ཟོག་འགྲུལ་གྱི་ལས་ཕྱོད་ཆེ་རུ་བཏང་བ།

    ཞོགས་པའི་ཆུ་ཚོད་7པར་མ་ལེ་ཞི་ཡའི་ཞུའེ་ལན་ཨེ་ཀྲོའུ་པ་ཧྲེང་གྲོང་ཁྱེར་དུ་གནས་པའི་ཅིང་ཏུང་ཟོག་འགྲུལ་མཛོད་ཁང་དུ་དངོས་ཟོག་འདོན་འཇུག་བྱ་རྒྱུར་སྒུག་པའི་རླངས་འཁོར་མཛོད་ཁང་གི་ཕྱི་རོལ་དུ་བང་བསྒྲིགས་ནས་ཡོད་པ་དང་། མཛོད་འཇུག་བྱེད་གྲབས་ཡོད་པའི་དངོས་ཟོག་ཀྱང་གོ་རིམ་ལྡན་པའི་ངང་འཇོག་པ། དབོར་འདྲེན་རླངས་འཁོར་འགྲོ་འོང་བྱེད་པ་བཅས་ཀྱི་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་བཞིན་ཡོད།

    དངོས་ཟོག་ཐུམ་རྒྱག་སར་ལས་དོན་པས་ཉིན་དེར་སྐྱེལ་རྩིས་ཡོད་པའི་དངོས་ཟོག་ཐུམ་རྒྱག་བཞིན་ཡོད། “འདི་ནི་དེ་རིང་པིན་ཁྲེང་གི་ཁྲོམ་ར་ཞིག་ལ་སྐྱེལ་རྒྱུའི་རྩེད་ཆས་རེད། ཚོང་ཁང་ལ་འབྱོར་རྗེས་ཚོང་སྒྲོམ་ཐོག་བསྒྲིགས་ནས་ཚོང་གི་རེད”ཅེས་ཅིང་ཏུང་ཟོག་འགྲུལ་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཅིང་ལི་ཧོང་ཝེ་ལུང་གིས་ཟོག་སྒམ་ཐོག་སྦྱར་བའི་ཤོག་བྱང་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར་ངོ་སྤྲོད་བྱས། “ང་ཚོའི་ཚོང་ཟོག་འཐེན་མཁན་ནང་ཁེ་ལས་དང་ཚོང་ཁང་ཡོད་ལ། ཨེ་ཤེ་ཡ་ཤར་ལྷོའི་དྲ་ཚོང་ལས་སྟེགས་ཐོག་ནས་མངག་ཉོ་བྱེད་མཁན་འཛད་སྤྱོད་པའང་ཡོད། སྤྱིར་བཏང་བྱས་ན་ཕྱི་དྲོའི་ཆུ་ཚོད་2པའི་གོང་གི་མངག་ཐོ་ཉིན་དེ་རང་ལ་མཛོད་ཁང་ནས་བསྐུར་ཐུབ་པ་བྱེད་ཀྱི་ཡོད” ཧོང་ཝེ་ལུང་ནི་ཧིན་རྡུ་ཉི་ཞི་ཡ་བ་རེད་ལ། དེ་སྔ་ཀྲུང་གོར་ལོ་བཅུ་ལྷག་ཙམ་འཚོ་བ་བསྐྱལ་ནས་བསྡད་མྱོང་ཡོད། “ཀྲུང་གོའི་དྲ་ཐོག་ཉོ་སྒྲུབ་དར་རྒྱས་ཧ་ཅང་ཆེ་ལ་ལས་ཕྱོད་ཀྱང་ཧ་ཅང་ཆེ་བས་འཛད་སྤྱོད་པས་ཉིན་དེར་ཉོས་ན་ཉིན་གཉིས་པར་ཚོང་ཟོག་འབྱོར་གྱི་ཡོད། ང་ཚོས་ཨེ་ཤེ་ཡ་ཤར་ལྷོའི་འཛད་སྤྱོད་པར་ཡང་དྲ་ཐོག་ཉོ་སྒྲུབ་ཀྱི་ཉམས་མྱོང་འདི་འདྲ་ཡོང་རེ་བྱེད་བཞིན་ཡོད”ཅེས་བརྗོད།

    མཛོད་ཁང་གི་ལས་སྒྲུབ་ལས་ཕྱོད་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་ཆེད། ཅིང་ཏུང་ཟོག་འགྲུལ་གྱིས་རང་འགུལ་ཅན་གྱི་མཛོད་ཉར་ལག་རྩལ་དེ་ཐུམ་སྒྲིལ་དང་དབྱེ་གསེས་སོགས་བརྒྱུད་རིམ་ཡོངས་སུ་སྤྱད་པས་ན་ནིང་ས་ཁུལ་དེའི་ཅིང་ཏུང་ཟོག་འགྲུལ་གྱི་ལས་སྒོ་ལྡབ་གཉིས་ལྷག་ཙམ་འཕར་ཡོད།

    རང་ཡུལ་ཅན་གྱི་དྲ་ཚོང་ཤེས་ལྡན་པ་གསོ་སྐྱོང་བྱས་པ།

    ན་ནིང་ཀྲུང་གོས་མཐོ་སློབ་ཀྱིས་ཉིན་གང་ལམ་ལུགས་དང་ཉིན་གང་ལམ་ལུགས་མིན་པའི་བྱེད་སྟངས་བརྒྱུད“རྒྱལ་སྒྲོལ་དྲ་ཚོང་དང་སྐད་རིགས་ཆུང་བ”ཟུང་འབྲེལ་བྱེད་པའི་འབྲེལ་ཡོད་སློབ་ཚན་བཀོད་སྒྲིག་བྱ་རྒྱུར་སྐུལ་མ་བཏང་ནས། རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ཁེ་ལས་ཀྱིས་གསར་དར་ཁྲོམ་ར་གསར་འབྱེད་བྱ་རྒྱུར་ཤེས་ལྡན་པའི་རྒྱབ་སྐྱོར་བྱས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་གཞོན་ནུ་དེ་བས་མང་པོ་དྲ་ཚོང་ལས་རིགས་ནང་ཞུགས་པ་དང་ཆབས་ཅིག་ཀྲུང་གོའི་ཁེ་ལས་དང་སློབ་གླིང(སློབ་གྲྭ)མི་ཉུང་བ་ཞིག་གིས་ཨེ་ཤེ་ཡ་ཤར་ལྷོའི་རང་ཡུལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཐབས་ཇུས་དང་ནུས་ཤུགས་བཏོན་ཏེ་ལས་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྒུལ་ནུས་ཆེན་པོ་བསྣན་ཡོད།

    ཅིང་ཏུང་ཟོག་འགྲུལ་གྱི་ཨེ་ཤེ་ཡ་ཤར་ལྷོའི་འགན་འཁུར་བ་ཧུའུ་ཧའེ་ཁྲུན་གྱིས། “འདི་ལོ་ཅིང་ཏུང་ཟོག་འགྲུལ་ཀུང་སིས་ད་དུང་མ་ལེ་ཞི་ཡའི་ས་གནས་དེ་གའི་ཕུལ་བྱུང་དྲ་ཚོང་ཤེས་ལྡན་པ་པེ་ཅིང་དང་ཅང་སུའུ་སུའུ་ཆན་སོགས་སུ་དུས་ཡུན་གཟའ་འཁོར་གཉིས་ཀྱི་གསོ་སྦྱོང་ནང་ཞུགས་སུ་བཅུག་ནས་ཀུང་སིའི་ཁེ་ལས་ཀྱི་རིག་གནས་དང་མི་ཐབས་རིག་ནུས་མ་ལག་སོགས་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་ཀུང་སིའི་རང་ཡུལ་ཅན་གྱི་འཕེལ་རྒྱས་སྔར་བས་ལེགས་པོ་ཡོང་བར་བྱ་རྒྱུ་རེད”ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པང་ཁོག་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།