མཚོ་སྔོན་མཚོ་ཤར་གྱི་བསིལ་གྲང་ཚལ་རིགས་ཐོན་ལས་སྤུས་འབྲས་ལེགས་གཉེར་བྱུང་བ།
“ས་མཐོའི་བསིལ་གྲང་ཚལ་རིགས” མིང་བྱང་གྲགས་ཅན་དུ་གྱུར་པ།
ཉེ་ཆར། སུར་པན་སོས་པ་སྤྱི་རྒྱ་6000ལྷག་ཙམ་བླུགས་པའི་ཟོག་འདྲེན་རླངས་འཁོར་ཞིག་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་དམར་གཙང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐེན་གྲོང་རྡལ་ནས་ཐོན་འགོ་ཚུགས་ཤིང་། མཐའ་མའི་འབྱོར་ས་ནི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་རེད།
འདི་ནི་ཀོན་ཐེན་གྲོང་རྡལ་གྱིས་ཤང་ཀང་དུ་སུར་པན་མཁོ་འདོན་བྱེད་ཐེངས་དང་པོ་དེ་རེད། སྔོ་ཚལ་རྟེན་གཞིའི་འགན་འཁུར་བ་ཆི་ཞའོ་ཆིང་གིས་ད་ལོའི་བསྡུ་ཐེངས་དང་པོའི་སུར་པན་གྱི་ཐོན་འབབ་ཡག་ལ། རིན་གོང་ཡང་མཐོ་པོ་རག་བྱུང་། ཟླ་10པའི་ཟླ་མཇུག་བར་བསྡུ་རྒྱུ་ཡོད། སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་150ཟིན་བཟོ་འདུག་ཅེས་དགའ་སྤྲོའི་ངང་བཤད།
ཤང་ཀང་དུ་མཁོ་འདོན་བྱེད་པའི་སྔོ་ཚལ་ཇི་ལྟར་འདེབས་དགོས། ཆི་ཞའོ་ཆིང་བཟའ་ཟླ་གཉིས་ཀྱིས་མི་ཚེ་ཕྱེད་ཀར་སོ་ནམ་ལས་ལ་འབད་ཀྱང་། ལས་གཏོད་བྱས་མ་ཐག་པའི་སྐབས་དེར་སེམས་ནང་གདེང་ཚོད་གང་ཡང་མེད། ལག་རྩལ་བྱང་ཆུབ་པོ་མེད་པ་མ་ཟད། གཡོག་བྱེད་དེ་བས་ཤེས་ཀྱི་མེད་པས་ཆི་ཞའོ་ཆིང་ས་གནས་ཁག་ཏུ་ཉམས་མྱོང་ལེན་པར་བསྐྱོད་ཅིང་། “འདེབས་པ་ནས་བསྡུ་བའི་བར་ཚད་གཞི་ལྟར་བསྒྲུབས་ཚེ་སྤུས་ཀ་ཡག་པོ་ཡོང་ཐུབ”ཅེས་བཤད།
སྔོ་ཚལ་བསྡུ་རྒྱུ་ནི་འགག་རྩ་ཞིག་ཡིན་ཞིང་། “ཚང་མས་རྡོག་ཆེ་ལ་ཁ་མདོག་ཡག་པའི་སུར་པན་བཏོག་རོགས”ཞེས་ཆི་ཞའོ་ཆིང་གིས་དྲན་སྐུལ་ཡང་ཡང་བྱས། བཏོགས་ཚར་བའི་སུར་པན་སོས་པ་དག་དབྱེ་གསེས་ཁུལ་དུ་བསྐྱལ་རྗེས་སྒམ་ནང་བླུགས་མཁན་ཚོས་གདམ་གསེས་ཡག་པོ་བྱས་ནས་ཚད་གཞི་ལྟར་སྒམ་ནང་བླུགས་ཀྱི་ཡོད་པ་དང་། མངག་ཐོའི་ཁེ་ལས་ཀྱིས་མངགས་པའི་མི་སྣས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྲོང་ཁྱེར་གྱིས་ས་མཐོའི་གྲང་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཀྱི་ཡོད། མཚོ་ཤར་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བསིལ་གྲང་ཚལ་རིགས་དེ་ཧྲེ་ཧྲི་ཏུའུ་17ནས་25བར་གྱི་ཁོར་ཡུག་ཏུ་སྐྱེ་སླ་པོ་ཡོད། མཚོ་ཤར་གྲོང་ཁྱེར་གྱི་དབྱར་དུས་ཀྱི་དྲོད་ཚད་ཏག་ཏག་འདིའི་མཚམས་སུ་ཡོད་ཅེས་ངོ་སྤྲོད་བྱས། ས་གནས་དེ་གས་ས་མཐོའི་ས་དབྱིབས་དང་གནམ་གཤིས་ཀྱི་ལེགས་ཆ་གང་མང་འདོན་སྤེལ་བྱས་པ་དང་ཐབས་སྒྱུར་འཕེལ་རྒྱས་བཏང་ནས་གྲང་ཚལ་ཐོན་ལས་ཀྱི་གཞི་རྒྱ་སྟོབས་ཆེར་བཏང་ཡོད།
མིག་སྔར། མཚོ་ཤར་གྲོང་ཁྱེར་གྱིས་བཏབ་པའི་དབྱར་དུས་གྲང་ཚལ་གྱི་སྣ་ཁ་200ལྷག་ཙམ་ཡོད་པ་དང་། འགག་སྒོ་ལས་ཁུངས་སུ་ཐོ་འགོད་བྱས་པའི་ཕྱིར་གཏོང་རྟེན་གཞི་29བསྐྲུན་ཟིན་པ། སྔོ་ཚལ་སྤྱི་ཆིང་3800གཡོད་ཀང་ཨའོ་ཁུག་ཆེན་གྱི་སྔོ་ཚལ་རྟེན་གཞིར་མཁོ་འདོན་བྱེད་ཀྱི་ཡོད།
“ས་མཐོའི་བསིལ་གྲང་ཚལ་རིཌ”མིང་བྱང་གྲགས་ཅན་དུ་གྱུར་ཞིང་། མཚོ་ཤར་གྲོང་ཁྱེར་གྱིས“རྨ་ཆུའི་སྔོ་ཚལ་ལྡུམ་ར”དང“རྨ་ཆུ་དང་ཙོང་ཆུའི་སྔོ་ཚལ་ལྡུམ་ར”ཁུལ་ཁོངས་ཆེན་པོ་གཉིས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་ནས་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་8དང་ལྗང་མདོག་བཟའ་བཅའི་ཁས་ལེན་དཔང་འདོན་ཐོན་རྫས་114ཡོད་པ་མ་ཟད། ཞིང་ལས་ཐོན་རྫས་20ལ་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ཡང་ཐོབ་ནས་ཞིང་ལས་ཐོན་རྫས་ཀྱི“ལྷད་མེད”དང“རིན་ཐང”གཉིས་ཀ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།