དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་ངོ་40ཡི་རིང་སློབ་གསོའི“འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་ཐེངས་21སྤར་བ།

    རྨང་གཞིའི་སློབ་གསོ་མི་ཉམས་གོང་དུ་འཕེལ། དཔེ་ཀློག་དབྱངས་རྟ་གངས་ལྗོངས་ཀུན་ལ་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-13

    1985ལོ་ནས་2025ལོ་བར་གྱི་ལོ་ངོ་40ལྷག་ཙམ་རིང་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་དཔྱིད་རླུང་དྲོན་མོ་གངས་ལྗོངས་ཀྱི་བུ་ཕྲུག་ཚོའི་འཚར་ལོངས་ཀྱི་ལམ་བུར་ལྡང་བས་བོད་ཀྱི་རྨང་གཞིའི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    2024ལོར། བོད་ཀྱིས་སློབ་གསོའི“འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་སྤོར་ཐེངས་21གིས་སློབ་མ་ཁྲི་71.43ལ་ཕན་པ་ཐོབ་ཡོད། “བཟའ་བཏུང་འགན་ལེན་དང་། ཞག་སྡོད་འགན་ལེན། གཞི་རྩའི་ཡིག་ཆས་འགན་ལེན”བཅས་བྱས་པ་ལས་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་མང་པོའི་སློབ་གྲྭར་འགྲོ་བའི་སེམས་ཁྲལ་བསལ་ནས། ཕྲུ་གུ་མི་རེ་ངོ་རེར་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་རྒྱུ་བྱུང་ཡོད།

    མི་ཉུང་ཤས་ཀྱི་དམིགས་བསལ་དབང་ཆ་ནས་སྤྱི་དམངས་ཡོངས་ཀྱིས་ལོངས་སུ་སྤྱོད་པའི་ཁེ་དབང་བར་འགྱུར་ལྡོག་བྱུང་བ།

    བོད་རྙིང་པར་སློབ་གསོ་ནི་དམིགས་བསལ་གྱི་དབང་ཆ་ཞིག་ཏུ་བརྩི་བ་དང་། དེ་ནི་དགོན་སྡེ་དང་སྐུ་དྲག་གིས་སྒེར་སྡེམ་བྱེད་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་སློབ་གསོ་དང་ལེན་བྱེད་དབང་མེད། 1951ལོར་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ཡིག་རྨོངས་བས་བོད་ཀྱི་མི་གྲངས་བསྡོམས་འབོར་གྱི་95%བཟུང་ཡོད།

    རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དེ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་དུ་བཞག་པ་དང་། དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་བཏང་ཡོད། 1985ལོར་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་ཞུགས་པའི་འདུན་པ་ཆེ་རུ་གཏོང་ཆེད། རང་ལྗོངས་ཀྱིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་བས། སྲིད་བཟང་དེ་ཉིད་གངས་ལྗོངས་ས་མཐོའི་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི“འདེགས་ཤིང་དང་པོར”གྱུར་ཡོད།

    “འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་བས་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་གི“སློབ་གྲྭ་འགྲིམ་པའི་ཕུགས་འདུན”མངོན་འགྱུར་བྱུང་ཡོད། སྲིད་ཇུས་དེའི་འགན་ལེན་འོག་བོད་ལྗོངས་ཀྱི་སློབ་གསོ་འགན་ལེན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ། སློབ་གསོ་ཁྱབ་གདལ་གྱི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 2024ལོའི་ལོ་མཇུག་བར། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་བཅས་91.33%དང་། 97.86% 91.56% 57.81%བཅས་སོ་སོར་ཟིན་ཏེ། སློབ་གསོའི་དམིགས་ཚད་གཙོ་བོ་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བརྒལ་ཡོད།

    སློབ་གྲྭ་འགྲིམ་རྒྱུ་ཡོད་པ་ནས་སློབ་གྲྭ་ཡག་པོ་འགྲིམ་པའི་བར་འགྱུར་ལྡོག་བྱུང་བ།

    ཕྲུ་གུ་ཚོ་སློབ་གྲྭ་ཡག་པོ་འགྲིམ་ཐུབ་ཆེད། 2012ལོ་ནས་བཟུང་། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་རྒྱལ་ཁབ་ཀྱི་ཚོད་ལྟ(རྫོང་གྲོང་གི་སློབ་གྲྭ་ཚུད་མེད་པ)ལག་ལེན་བསྟར་ཞིང་། དེའི་ཚད་གཞི་ནི་སློབ་མ་རེར་ཉིན་རེར་སྒོར་3ཡིན་པ་རེད། 2014ལོ་ནས་བཟུང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ཚང་མར་ཁྱབ་པ་མ་ཟད། ལོ་དེའི་ཟླ་11པར་ཚད་གཞི་དེ་སློབ་མ་རེར་ཉིན་རེར་སྒོར་4བར་མཐོ་རུ་བཏང་བ་རེད། ཡུལ་བབ་དང་བསྟུན་ནས་མར་དང་། རྩམ་པ། སྒོ་ང་། འོ་མ། སྔོ་ཚལ། ཤིང་ཏོག་སོགས་ཀྱི་བཟའ་བཅའ་ཚན་རིག་དང་མཐུན་པར་སྦྱོར་རྟ་བྱས་ཏེ། བཅུད་ལྡན་བཟའ་བཅའི་ཚད་གཞི་ལུགས་མཐུན་བཟོས་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་བོད་ཡིག་དགེ་རྒན་བཀྲ་ཤིས་ཀྱིས“རྒྱལ་ཁབ་ཀྱིས་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བས། ཞིང་འབྲོག་པའི་བུ་ཕྲུག་ཚོས་འོས་འགན་སློབ་གསོའི‘འགན་ལེན་གསུམ’གྱི་སྲིད་ཇུས་དང‘ཚོགས་སྒྲིག་རྣམ་པའི’སློབ་གསོའི་བོད་སྐྱོར་སོགས་ཀྱི་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད”ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ད་ཆ་བོད་ཀྱི་ཞིང་འབྲོག་ཁུལ་གྱི་རྫོང་གྲོང་དང་། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་སུ་སྐྲུན་དངོས་ཡག་ཤོས་ནི་སློབ་གྲྭ་རེད་ཅེས་བརྗོད།

    སློབ་མ་སློབ་གྲྭ་འགྲིམ་རྒྱུ་ཡོད་པར་བྱེད་པ་དང་དུས་མཚུངས། རང་ལྗོངས་ཀྱིས་སྔར་ནས་བཟུང་སློབ་གསོ་དེ་ཉིད་དམངས་འཚོའི་འདུ་འགོད་དང་པོར་བརྩིས་ནས་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་པ་དང་། སྤྱི་པའི་ནོར་སྲིད་ནས་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སློབ་གསོའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་སློབ་མ“སློབ་གྲྭར་འགྲོ་འདོད་པ”དང་། “སློབ་གྲྭ་འགྲིམ་ཐུབ་པ” “སློབ་གྲྭ་ཡག་པོ་འགྲིམ་པ”བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    — སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་སློབ་གྲྭའི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་ཡོད། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་མང་ཆེ་བའི་ཉལ་ཁང་དེ་སྔའི་རྡོ་ཤིང་གི་ཁང་པ་ནས་ད་ཆའི་ཨར་འདམ་ལྕགས་རྩིབས་མའི་ཁང་པར་སྒྱུར་སྐྲུན་བྱས་པ་མ་ཟད། ད་དུང་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་དང་། ཚོད་ལྟའི་ཐོག་ཁང་། ཉལ་ཁང་། དཔེ་མཛོད་ཁང་། ལྟ་ཀློག་ཁང་སོགས་བསྐྲུན་ནས། དཔེ་དེབ་དང་། དཔྱད་ཆས། དངོས་དཔེ། སྒྲོག་ཙེ་དང་རྐུབ་སྟེགས་སོགས་སློབ་ཁྲིད་སྒྲིག་ཆས་དང་རིག་རྩལ་ཡོ་ཆས་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད།

    — གསོ་སྐྱོང་དང་། གསོ་སྦྱོང་། ནང་འདྲེན། སློབ་སྐྱོར་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། གླ་ཕོགས་ལ་བརྟེན་ནས་མི་ཉར་བ་དང་། བརྩེ་སེམས་ལ་བརྟེན་ནས་མི་ཉར་བ། བྱ་གཞག་ལ་བརྟེན་ནས་མི་ཉར་བ་བཅས་ཐུབ་ཡོད། མིག་སྔར། ལྗོངས་ཡོངས་སུ་བོད་རིགས་གཙོ་བོར་བྱས་པའི་མི་གྲངས་སྤྱིར་ན་འདང་ངེས་ཡོད་པ་དང་། གྲུབ་ཆ་དང་ཆུ་ཚད་ཐད་ནས་དེང་རབས་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་རྩའི་ཆ་ནས་འཚམ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་བཙུགས་ཡོད་པ་རེད།

    — སློབ་གསོ་སློབ་ཁྲིད་ཁྱབ་ཁོངས་སུ་དེང་རབས་ཆ་འཕྲིན་ལག་རྩལ་རྒྱ་ཁྱབ་སྤྱད་དེ། ཆ་འཕྲིན་ཐོན་ཁུངས“འཛིན་གྲྭ་ཚང་མར་ཁྱབ་པ”དང་། གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་འབྲོག་ཁུལ་གྱི་སློབ་གྲྭ་དང་སློབ་ཁྲིད་ས་ཚིགས་ཁག་ཅིག་ལ་གྲངས་འཛིན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱས་པས། སློབ་ཁྲིད་ནང་དོན་དང་། སློབ་ཁྲིད་བྱེད་ཐབས། སློབ་ཁྲིད་ཐབས་ཤེས་བཅས་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་ཐུབ་པ་དང་བོད་ཀྱི་དེང་རབས་སློབ་གསོའི་ལག་རྩལ་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཏེ། ཐག་རིང་ལུང་ཁུག་གི་ཕྲུ་གུས་ཀྱང་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།

    གཞི་རྩའི་སློབ་གསོའི་དགོས་མཁོ་སྐོང་བ་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་ཐུབ་པའི་བར་འགྱུར་ལྡོག་བྱུང་བ།

    1951ལོར། ཆབ་མདོ་སློབ་ཆུང་བཙུགས་ཤིང་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་ཐོག་མ་དེ་རེད། 1952ལོར། ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་དང་པོ་སྟེ་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་བཙུགས། དེ་ནས་བཟུང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་མེད་པ་ནས་ཡོད་པ་དང་། ཞན་པ་ནས་སྟོབས་ཆེན་བཅས་བར་རིམ་བཞིན་ཆར་རྗེས་ཀྱི་མྱུ་གུ་འབུས་པ་བཞིན་འཕེལ་རྒྱས་ཕྱིན།

    མིག་སྔར། རང་ལྗོངས་ཀྱིས་ལྗོངས་ནང་ཁུལ་དུ་སློབ་གྲྭ་གཉེར་རྒྱུ་གཙོ་བོ་དང་ལྗོངས་ཕྱི་ནང་གི་སློབ་གསོ་ཟུང་འབྲེལ་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མི་རིགས་སློབ་གསོའི་མ་ལག་ཅུང་འཐུས་སྒོ་ཚང་བ་ཞིག་བཙུགས་ཡོད་པའི་ནང་། སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ། དམིགས་བསལ་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ་སོགས་ཚུད་ཡོད། བོད་རིགས་ཀྱིས་གཙོས་པའི་མི་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་མང་པོ་སྐྱེད་སྲིང་ཐུབ་ནས་མི་དམངས་མང་ཚོགས་ཀྱི་ཚན་རིག་རིག་གནས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད་རྒྱལ་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་འདྲ་མཉམ་ཡོང་བར་བྱས་པ་དང་ཆབས་ཅིག བོད་ཀྱི་སློབ་གསོས་དུས་རབས་གསར་རྐྱང་ཞིག་བསུས་ཡོད། གྲངས་གཞི་ཚན་པ་གཉིས་ལས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ར་འཕྲོད་བྱུང་ཡོད་དེ། 1965ལོའི་ལོ་མཇུག་ཏུ། བོད་རང་སྐྱོང་ལྗོངས་ལ་གཞུང་བཙུགས་སློབ་ཆུང་68དང་། དམངས་བཙུགས་སློབ་ཆུང་1485 སློབ་འབྲིང་5བཅས་ཡོད་པར་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆུང་སློབ་མ་ཁྲི་5.6དང་སློབ་འབྲིང་སློབ་མ་1359ཡོད། ཡིག་རྨོངས་སེལ་རྒྱུ་གཙོ་བོར་བྱེད་པའི་ཞིང་འབྲོག་པའི་མཚན་མོའི་སློབ་གྲྭར་སློབ་གཉེར་བ་ཁྲི་1.2ལྷག་ཡོད། 2024ལོའི་བར་བོད་ལ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3618དང་། དགེ་རྒན་དང་ལས་བཟོ་ཁྲི་9.66 སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི་97བཅས་ཡོད་པ་དེས་བོད་ཀྱི་མི་གྲངས་བསྡོམས་འབོར་གྱི་བཞི་ཆ་གཅིག་ཡན་བཟུང་ཡོད་པ་རེད།

    ལོ་ངོ་60ཡི་རིང་། བོད་ཀྱི་སློབ་གསོའི་བྱ་གཞག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ཆའི་བོད་ཀྱི་སློབ་གསོའི་ཁྱབ་ཁོངས་སུ་སྔར་ན་མེད་པའི་སྲིད་ཇུས་བཟང་པོ་བཏོན་པ་དང་། སྔར་བྱུང་མྱོང་མེད་པའི་འགན་ལེན་ནུས་ལྡན་བྱུང་བ། སྔར་ཐོན་མྱོང་མེད་པའི་ཕན་འབྲས་བཟང་པོ་ཐོན་པ་བཅས་བྱུང་ནས་རྒྱལ་ཡོངས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

    ཧྲེན་ཆིང་ཧྥུང་།

    སློབ་གྲྭའི་འགྱུར་ལྡོག་ཧ་ཅང་ཆེན་པོ་འདུག

    ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར། ལོ་23སློབ་ཁྲིད་ལས་ལ་གཞོལ་མྱོང་བའི་ཧྲེན་ཆིང་ཧྥུང་ནི་སློབ་གྲྭའི་འཕེལ་རྒྱས་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་ལ། བོད་ཀྱི་སློབ་གསོའི་འཕེལ་རིམ་གྱི་དཔང་པོ་ཡང་རེད།

    2002ལོར་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་ལས་བགོས་བརྒྱབ་ནས་རྒྱ་ཡིག་དགེ་རྒན་གྱི་འགན་ཁུར་ཚུན། ཧྲེན་ཆིང་ཧྥུང་གིས་ཉིན་ལྟར་སློབ་གྲྭའི་འགྱུར་ལྡོག་གི་དཔང་པོ་བྱེད་བཞིན་ཡོད། “ཐོག་མར་སླེབས་སྐབས་སློབ་ཁྲིད་ཐོག་ཁང་དམའ་པོ་ཞིག་ལས་མེད་པ་དང་སློབ་ཁང་གི་ས་ངོས་དང་ནག་པང་ཚང་མ་ཨར་འདམ་ལས་བཟོས་པ་ཞིག་རེད”སྒྲིག་ཆས་རྗེས་ལུས་དང་ཆ་རྐྱེན་ཞན་པོ་ཡོད་མོད། འོན་ཀྱང་ལྷ་སའི་སློབ་གྲྭ་གཞན་དག་དང་བསྡུར་ན་ང་ཚོའི་སློབ་གྲྭའི་ཆ་རྐྱེན་ཡག་པོ་ཡོད་ཅེས་ཁོང་གིས་བརྗོད།

    ད་ཆ་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལས་ཀའི་ཁོར་ཡུག་དང་འཚོ་བའི་ཁོར་ཡུག་གང་ཡིན་རུང་ཚང་མ་ཧ་ཅང་ལེགས་སུ་ཕྱིན་ཡོད། ཧྲེན་ཆིང་ཧྥུང་གིས་ངོ་སྤྲོད་བྱས་པ་དང་བསྟུན་ནས་དེང་རབས་ཅན་གྱི་སློབ་གྲྭ་དེ་གསར་འགོད་པའི་མིག་ལམ་དུ་མངོན་ཞིང་། སློབ་གྲྭའི་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་འགྲོ་བ་དང་། དགེ་རྒན་དང་སློབ་མར་སྐྱིད་སྣང་དོད་པའི་སློབ་གསོ་དང་སློབ་སྦྱོང་གི་ཁོར་ཡུག་ཡོད་པ། སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་སྦྱོང་གི་ཆུ་ཚད་མཐོ་རུ་བརྟན་པོ་འགྲོ་བཞིན་ཡོད།

    འགྱུར་ལྡོག་འདི་དག་ཙམ་གྱིས་མི་ཚད་ཅིང་། 1994ལོར་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་དེ་སྔའི་བོད་ཡིག་ཐོག་ནས་ཨང་རྩིས་སློབ་ཁྲིད་བྱེད་པ་དེ་རྒྱ་ཡིག་ཐོག་ནས་སློབ་ཁྲིད་བྱེད་པར་བསྒྱུར་བ་དང་དབྱིན་ཡིག་སོགས་ཁྱད་ལྡན་འཛིན་གྲྭ་མང་དུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་ད་དུང་གློག་རྡུལ་ནག་པང་དང་། བརྙན་སྟོན་འཕྲུལ་ཆས། དྲ་རྒྱ་སོགས་དེང་རབས་ཅན་གྱི་སློབ་ཁྲིད་བྱེད་ཐབས་ནང་འདྲེན་བྱས་ཡོད། ཧྲེན་ཆིང་ཧྥུང་གིས“ད་ཆ་ང་ཚོས་ལས་ཆོད་ཆེན་པོས་སློབ་ཁྲིད་ཀྱི་ལས་ཀ་ལེགས་གྲུབ་ཐུབ་པ་མ་ཟད། སློབ་ཁྲིད་བྱེད་སྐབས་སློབ་ཚན་གྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་བཏང་བས་སློབ་མ་ཚང་མ་སློབ་སྦྱོང་ལ་དགའ་བར་གྱུར་ཡོད”ཅེས་འཛུམ་མདངས་འཕྱུར་བཞིན་བརྗོད།

    2016ལོར་སློབ་གསོ་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལག་ལེན་བསྟར་ཚུན། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་གོ་སྐབས་དམ་འཛིན་བྱས་ཏེ་ཡུལ་དེ་གའི་དགེ་རྒན་ཕྱིར་སྐྱོད་པ་དང་བོད་སྐྱོར་དགེ་རྒན་གདན་དྲངས་ཐོག དྲ་རྒྱའི་གསོ་སྦྱོང་སོགས་དེང་རབས་ཅན་གྱི་སློབ་ཁྲིད་བྱེད་སྟངས་དང་ཟུང་འབྲེལ་བྱས་ནས། སློབ་གྲྭའི་དགེ་རྒན་གྱི་དཔུང་ཁག་ལ་གསོན་ཤུགས་གསར་པ་བསྣན་པས་སློབ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།

    ཧྲེན་ཆིང་ཧྥུང་གིས“ད་ཆ་ང་ཚོའི་སློབ་གྲྭར་སློབ་ཁུལ་4ཡོད། སློབ་ཁུལ་ཨ་མ་ལ་འགྱུར་ལྡོག་བྱུང་མེད་ཅིང་། ལུས་རྩལ་ཐང་ཉེ་འགྲམ་གྱི་ཤིང་སྡོང་ཆེན་པོ་དེ་དག་གིས་ལོ་ངོ་70ལྷག་ཙམ་རིང་གི་སློབ་གྲྭའི་འཕེལ་རྒྱས་ཀྱི་དཔང་པོ་བྱས་ཡོད”ཅེས་བརྗོད།

    བཀྲ་ཤིས།

    སློབ་གྲྭ་ས་གནས་དེ་གའི་ས་ཆ་མཛེས་ཤོས་སུ་གྱུར་པ།

    བཀྲ་ཤིས་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་གྲུ་གསུམ་གྲོང་ཚོ་ནས་ཡིན་ཞིང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གྲོང་ཚོ་འདིར་དགོན་པར་ཡོད་པའི་བླ་མ་ཁ་ཤས་ཕུད་གཞན་པ་ཚང་མས་ཡི་གེ་ཤེས་ཀྱི་མེད། འོན་ཀྱང་ད་ཆ་གྲོང་ཚོའི་ནང་གི་ཕྲུ་གུ་ཚང་མས་འོས་འགན་སློབ་གསོ་དང་ལེན་ཐུབ་པ་དང་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་པས། མི་20ལྷག་ཙམ་གྱིས་སློབ་ཆུང་ནས་སློབ་ཆེན་བར་གྱི་སློབ་གསོ་དང་ལེན་བྱས་པ་བརྒྱུད་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་ཡོད།

    དུས་རབས་20པའི་ལོ་རབས་70པར་བཀྲ་ཤིས་སློབ་ཆུང་འགྲིམ་འགོ་ཚུགས། གྲོང་ཚོའི་ནང་སློབ་གྲྭ་བཙུགས་ཡོད་ཀྱང་སྒྲིག་ཆས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པ་སྟེ“སློབ་ཁང་ཡོད་ཀྱང་སྒྲོག་ཙེ་མེད་པ་དང་། སློབ་མ་ཡོད་ཀྱང་དགེ་རྒན་དཀོན་པ། སློབ་དེབ་ཆ་ཚང་པོ་མེད་པ་དང་ཐ་ན་འདང་གི་མེད”ཅེས་བཀྲ་ཤིས་ཀྱིས་ཕྱིར་དྲན་བྱེད་བཞིན་བརྗོད།

    “ང་རང་ལོ་རིམ་དང་པོ་འགྲིམ་སྐབས་སློབ་ཁང་དུ་སློབ་ཕྲུག་བཅུ་ཙམ་མཉམ་དུ་སྡོད་ཐུབ་པའི་རྐུབ་སྟེགས་རིང་པོ་ཁ་ཤས་ལས་མེད། སློབ་དེབ་ནི་རྒན་ལགས་རང་ཉིད་ཀྱིས་ལག་བཤུས་བརྒྱབ་པའི་ཤོག་བུ་དེ་རེད”སྐབས་དེར་སློབ་གྲྭའི་ནང་འཛིན་གྲྭ་མཐོ་དམའ་གཉིས་དང་དགེ་རྒན་ནི་རྒན་བློ་བཟང་ལགས་གཅིག་པུ་རེད། སློབ་གྲྭའི་ནང་གི་ལས་ཀ་ཡོད་ཚད་ཁོང་གཅིག་པུས་འགན་འཁུར་གྱི་ཡོད་ཅེས་བཀྲ་ཤིས་ཀྱིས་བརྗོད།

    བཀྲ་ཤིས་ལོ་9ལ་སླེབས་སྐབས་ནང་མི་ཕྱིར་ངལ་རྩོལ་ལ་འགྲོ་དགོས་པས། ཁོ་པ་ཁྱིམ་དུ་བསྡད་ནས་ཚ་མོར་ལྟ་རོགས་བྱེད་དགོས་བྱུང་ཡོད། བཀྲ་ཤིས་ཀྱིས“རྗེས་སུ་རྨོ་བོ་ལགས་ཀྱིས་ངའི་སློབ་སྦྱོང་ལ་འཐུས་ཤོར་མི་ཡོང་བའི་ཆེད། ཁོང་གིས་དཀའ་ངལ་ཁྱད་བསད་བྱས་ནས་ང་སླར་ཡང་སློབ་གྲྭར་བཏང་བྱུང”ཞེས་བརྗོད།

    ལོ་གཅིག་ལྷག་ཙམ་གྱི་རྗེས་སུ། “ཞིང་འབྲོག་པའི་བུ་ཕྲུག་གི་འཛིན་གྲྭར”སློབ་མ་བསྡུས་པ་དང་བཀྲ་ཤིས་རྫོང་གི་ཡིག་རྒྱུགས་ནང་ཞུགས་པ་མ་ཟད། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཚད་ལྡན་གྱི་སློབ་གསོ་མྱོང་བའི་གོ་སྐབས་ཐོབ། “སློབ་སྦྱོང་བྱེད་རིང་ང་ཚོའི་ཟས་གོས་སྡོད་གསུམ་ཚང་མ་རྒྱལ་ཁབ་ཀྱིས་འགན་ལེན་བྱེད་ཀྱི་ཡོད། དུས་དེ་ནས་བཟུང་ང་རང་གོམ་པ་རིམ་བགྲོད་ཀྱིས་སློབ་འབྲིང་དང་དགེ་འོས་སློབ་གྲྭ་འགྲིམས་པ་དང་། སློབ་གྲྭ་ཐོན་རྗེས་བྱིས་དུས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ནས་གཟི་བརྗིད་ལྡན་པའི་མི་དམངས་ཀྱི་དགེ་རྒན་ཞིག་བྱེད་རྒྱུ་བྱུང”ཞེས་བཀྲ་ཤིས་ཀྱིས་བརྗོད།

    ཕ་ཡུལ་གྱི་སློབ་གྲྭའི་སྐོར་གླེང་སྐབས། བཀྲ་ཤིས་ཀྱིས་སྤོབས་སེམས་ཆེན་པོས“ད་ཆ་སྔོན་མ་དང་མི་འདྲ་བར་སློབ་གྲྭ་དེ་ས་གནས་དེ་གའི་ས་ཆ་མཛེས་ཤོས་སུ་གྱུར་ཡོད། སློབ་ཁང་ཆེ་ཤིང་དཀར་ཆ་དོད་པ་དང་། སྒྲིག་བཀོད་སྒྲིག་ཆས་ཆ་ཚང་བ་མ་ཟད། སློབ་ཚན་རིགས་མང་པོ་འཁྲིད་ཀྱི་ཡོད་པས་ཁྱིམ་བདག་གིས་ཀྱང་ཕྲུ་གུ་སློབ་གྲྭར་འགྲོ་མི་ཐུབ་པ་དང་སློབ་གྲྭ་ཡག་པོ་ཞིག་ལ་འགྲོ་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་མེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།