དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་འདབས་ནས་རི་རྩེ་བར་དང་ཡང་རྩེ་ནས་ཡང་རྩེའི་བར།

    ཇོ་མོ་གླང་མའི་རྩེ་མོར་འཛེག བརྗིད་ཆེའི་ཕུགས་འདུན་དོན་གཉེར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-13

    1975ལོའི་ཟླ་5ཚེས་27ཉིན་ནི་འཛམ་གླིང་གི་རི་འཛེག་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཉིན་མོ་ཞིག་རེད། ཉིན་དེར་ཀྲུང་གོའི་ཕོ་རྒོད་དགུ་ཡིས་ཇོ་མོ་གླང་མའི་རྩེ་མོར་སླར་ཡང་བདེ་བླག་ངང་འཛེགས་ནས་ལྟ་འཇལ་ཡོ་ཆས་དེ་གར་ཐོག་མར་བཙུགས་ཏེ། ཇོ་མོ་གླང་མའི་མཐོ་ཚད་ལ་སྨི་8848.13ཡོད་པ་ཚད་འཇལ་ཡང་དག་བྱས། བྱ་སྤྱོད་རླབས་པོ་ཆེ་འདིས་ཀྲུང་གོ་བས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོ་འཛེགས་པའི་དོན་དངོས་ལ་རྒྱལ་ཕྱིའི་རི་འཛེག་ལས་རིགས་ཀྱིས་དོགས་པ་བྱེད་པར་རྒོལ་ལན་ནུས་ལྡན་བསློགས།

    དོན་དམ་དུ། 1960ལོའི་ཟླ་5པར། རང་རྒྱལ་གྱི་རི་འཛེག་རུ་མི་ཝང་ཧྥུའུ་ཀྲོའུ་དང་། མགོན་པོ། ཆུས་དབྱིན་ཧྭ་བཅས་ཀྱིས་ཇོ་མོ་གླང་མའི་བྱང་ངོས་ནས་རི་རྩེར་ཐེངས་དང་པོ་འཛེགས་ཡོད་མོད། འོན་ཀྱང་སྐབས་དེ་དུས་ས་རུབ་ནས་རི་རྩེར་འཛེག་པའི་བརྙན་པར་དཔྱད་གཞི་གང་ཡང་བཞག་ཐུབ་མེད་པས། དུས་ཡུན་རིང་པོར་རྒྱལ་ཕྱིའི་རི་འཛེག་ལས་རིགས་ཀྱིས་ཀྲུང་གོ་བས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོ་འཛེགས་པའི་དོན་དངོས་ལ་དོགས་པ་བྱེད་ཀྱི་ཡོད།

    དོགས་པ་སེལ་ཐབས་ཡག་ཤོས་ནི་བྱ་སྤྱོད་དངོས་ལས་ར་སྤྲོད་བྱེད་རྒྱུ་དེ་རེད། 1975ལོའི་ཟླ་5ཚེས་27ཉིན་གྱི་ཆུ་ཚོད་14དང་སྐར་མ་30ལ། བསོད་ནམས་ནོར་བུ་དང་། ཕན་ཐོགས། བློ་ཚེ། བསམ་གྲུབ། ཧོའུ་ཧྲེང་ཧྥུའུ། ཀུན་དགའ་པ་སངས། ཕུན་ཚོགས་རྒན་པ། ཚེ་རིང་རྡོ་རྗེ། ཨ་བུ་ཆེན་བཅས་རི་འཛེག་ཕོ་རྒོད་9ཡིས་སླར་ཡང་ཇོ་མོ་གླང་མའི་རྩེ་མོར་འཛེགས་ཤིང་། ཕན་ཐོགས་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་འཛེག་མཁན་བུད་མེད་དང་པོར་གྱུར།

    སྐབས་ཤིག་རིང་རྒྱལ་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱུང་ཡོད།

    ཇོ་མོ་གླང་མར“མཐོ་ཚད”དང“གནས་རྟགས”ཡོད་པ།

    རི་འཛེག་གྲགས་ཅན་ལུས་རྩལ་པ་དང་། རྒྱལ་ཁབ་རིམ་པའི་ལུས་རྩལ་པ། 1975ལོར་ཇོ་མོ་གླང་མའི་རྩེ་མོར་འཛེགས་མྱོང་བའི“ཕོ་རྒོད་དགུའི”གྲས་ཤིག་ཡིན་པའི་བློ་ཚེས་ངོ་སྤྲོད་བྱས་དོན། ལོ་50ཡི་གོང་། “ཕོ་རྒོད་དགུ”ཡིས་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་བདེ་བླག་ངང་འཛེགས་རྗེས། འཕྲལ་དུ་ཏང་དང་མི་དམངས་ལ་རྒྱལ་ཁའི་གཏམ་བཟང་ཞུས་ཤིང་། ལྟ་འཇལ་ཡོ་ཆས་བཙུགས་ནས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་དང་། སྐར་ལྔའི་དར་དམར་སྟོན་པ། རི་རྩེའི་འགུལ་སྐྱོད་བརྙན་པར་ལེན་པ། རི་རྩེའི་གངས་འཁྱགས་ཀྱི་མ་དཔེ་བསྡུ་བ། སའི་གོ་ལའི་རྩེ་མོར་མིའི་རིགས་ཀྱི་སྙིང་པར་རྒྱང་དཔྱད་བྱེད་པ། རི་རྩེའི་གངས་གསོག་ཐུག་ཚད་འཇལ་བ། རི་རྩེའི་འཛེང་རྡོའི་མ་དཔེ་བསྡུ་བ། རི་རྩེའི་ཡུལ་ལྗོངས་ཧྲིལ་པོ་པར་དུ་ལེན་པ། མའོ་ཀྲུའུ་ཞིའི་འཇིམ་སྐུ་རི་རྩེར་འཇོག་པ། རི་འཛེག་ཕོ་རྒོད་ཀྱི་དྲན་རྟེན་པར་རྒྱག་པ་བཅས་ཀྱི་ལས་དོན་ཁག་11སྤེལ་ཡོད།

    གཞན་ཡང་། ཁོང་ཚོས་ད་དུང་ཇོ་མོ་གླང་མའི“འཆི་མའི་ལམ”ཞེས་འབོད་པའི“སྐས་རིམ་གཉིས་པར”ལྕགས་ཀྱི་སྐས་ཀ་བཙུགས་ཤིང་། གྲགས་ཆེ་བའི་ལྕགས་ཀྱི་སྐས་ཀ་འདིར“ཀྲུང་གོའི་སྐས་འཛེག”ཅེས་བརྗོད་ཅིང་། དེ་ལས་རྒྱལ་སྤྱིའི་རི་འཛེག་ལུས་རྩལ་ལས་དོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

    1975ལོའི་ཟླ་7ཚེས་23ཉིན། ཀྲུང་གོས་འཛམ་གླིང་ལ་ཇོ་མོ་གླང་མའི་མཐོ་ཚད་འཇལ་བར་སྨི་8848.13ཟིན་པ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་འཁྲུལ་མེད་འདིར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ནས། ཀྲུང་གོར་སའི་གོ་ལའི་ཡང་རྩེར་རང་བརྟེན་ཚད་འཇལ་གཏན་འཁེལ་བྱེད་ནུས་ཡོད་པ་ཁྱབ་བསྒྲགས་བྱས།

    རི་འཛེག་གི་སྙིང་སྟོབས་ལ་དུས་ནམ་ཡང་ཉམས་པ་མེད་པ།

    1975ལོར། ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་འཛེགས་རྗེས། ལོ་ངོ་50ཡི་རིང་རང་རྒྱལ་གྱི་རི་འཛེག་བྱ་གཞག་གི་གཙོ་ཤུགས་དམག་ཡིན་པའི་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་སྤྱིར་ན་རི་འཛེག་ལས་འགན་གལ་ཆེན་ཚང་མར་ཞུགས་ཡོད།

    1985ལོར། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་གསོ་རླུང་གི་གཞོགས་འདེགས་མེད་པའི་གནས་ཚུལ་འོག འཛམ་གླིང་གི་རི་མཐོ་ཤོས་ཨང་དྲུག་པ་ཡིན་པའི་ཇོ་བོ་དབུ་ཡག་གི་རྩེ་མོར་ཐོག་མར་འཛེགས། 1988ལོར། ཀྲུང་གོ་དང་། རི་པིན། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་དུ་ཇོ་མོ་གླང་མའི་ལྷོ་བྱང་གཉིས་ཀ་ནས་འཛེགས་པའི་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད། 2005ལོར། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་སླར་ཡང་ཇོ་མོ་གླང་མའི་མཐོ་ཚད་ལ་སྨི་8844.43ཡོད་པའི་ཚད་གཞི་དེ་ནི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རྒྱལ་སྤྱིའི་གནད་ལ་འཁེལ་ཤོས་ཀྱི་གྲངས་གཞི་ཞིག་རེད། 2008ལོར། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་གཙོ་བོར་བྱས་པའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་པའི་རི་འཛེག་རུ་ཁག་གིས་ཇོ་མོ་གླང་མའི་རྩེ་མོར་དཔལ་འབར“སྤྲིན་བཟང”བདེ་བླག་ངང་བརྒྱུད་སྤྲོད་བྱས་ནས་འཛམ་གླིང་གི་རི་འཛེག་ལོ་རྒྱུས་དང་ཨོ་རྩལ་འགྲན་ཚོགས་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད། 2017ལོར། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གི་གཞོན་སྐྱེས་ལུས་རྩལ་པ་ཚེ་རིང་བསྟན་དར་དང་བདེ་ཆེན་དངོས་གྲུབ་ཀྱིས་ལོ་བཞི་ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གླིང་ཆེན་བདུན་གྱི་རི་མཐོ་ཤོས་ལ་འཛེགས་པ་དང་རྐང་ཐང་མར་ལྷོ་སྣེ་དང་བྱང་སྣེར་བསྐྱོད་པའི“7+2”ཀྱི་འཛམ་གླིང་གི་མཐར་ཟད་མྱུལ་དཔྱད་ཀྱི་ཟིན་ཐོ་བཏོད་ཡོད།

    1993ལོ་ནས་2007ལོ་བར། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་ལོ་14ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། “རུ་ཁག་གཅིག་བྱས་ཏེ་ས་བབ་སྨི་8000ཡན་ཟིན་པའི་འཛམ་གླིང་གི་རི་བོ་14ཡི་རྩེ་མོར་འཛེགས་པའི”བྱ་གཞག་རླབས་པོ་ཆེ་བདེ་བླག་ངང་བཏོད་ཅིང་། ཚེ་རིང་རྡོ་རྗེ་དང་། སྤེན་པ་བཀྲ་ཤིས། བློ་ཚེ་བཅས་རུ་མི་གསུམ་རི་བོ་14ཡི་རྩེ་མོར་འཛེགས་མྱོང་བའི་དཔའ་བོར་གྱུར་པ་མ་ཟད། ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཚོགས་པ་ཡིན་པའི་ཆ་ནས་རི་བོ་14ཡི་རྩེ་མོར་འཛེགས་པའི་རྒྱལ་ཁབ་དང་པོར་གྱུར་བ་རེད།

    དེ་བས་གླེང་རིན་ཡོད་པ་ཞིག་ནི། 1999ལོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་དཔལ་འབར་གྱི་མེ་སོན་ཇོ་མོ་གླང་མའི་རྩེ་མོར་སྤར་བ་དང་། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་ཟིན་ཐོ་མང་པོ་བཏོད་པ་སྟེ། ཀུན་བཟང་ཇོ་མོ་གླང་མའི་རྩེ་མོར་ཐེངས་གཉིས་འཛེགས་མྱོང་བའི་བུད་མེད་དང་པོར་གྱུར་པ་དང་། རིན་རྣམ་དང་སྐྱིད་སྐྱིད་གཉིས་ཇོ་མོ་གླང་མའི་རྩེ་མོར་འཛེགས་མྱོང་བའི་བཟའ་ཚོ་དང་པོར་གྱུར་པ། སྤེན་པ་བཀྲ་ཤིས་ས་བབ་སྨི་8300ནས་ཇོ་མོ་གླང་མའི་རྩེ་མོར་འཛེག་མགྱོགས་ཤོས་ཀྱི་ལུས་རྩལ་པར་གྱུར་པ་མ་ཟད། གྲང་འགོག་སྒྲིག་ཆས་མེད་པར་ཇོ་མོ་གླང་མའི་རྩེ་མོར་སྐར་མ་138བསྡད་པའི་ཟིན་ཐོ་ཡང་བཏོད་ཡོད།

    རྒྱང་ལམ་གསར་པར་སླར་ཡང་འོད་སྟོང་འབར་བ།

    ལོ་ཟླའི་ཞུན་བརྡར་དང་མཐར་ཟད་ཀྱི་འགྲན་སློང་ལས། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་དེ་ཉིད་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། ལས་སྒོ་བྱང་ཆུབ་པ། མཐུན་སྒྲིལ་འབད་འཐབ་ཡོད་པ། དམག་འཐབ་དྲག་པོ་རྒྱག་ཐུབ་པ་བཅས་ཀྱི་དཔའ་བོའི་མཉམ་སྡེབ་ཅིག་ཏུ་གྱུར་ནས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས“ས་མཐོའི་དཔའ་བོའི་རི་འཛེག་རུ་ཁག”དང“དཔའ་ངར་ཆེན་པོས་རི་བོ་མཐོན་པོར་འཛེག་མཁན་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་སྤྲད།

    1960ལོར། ཀྲུང་གོ་བས་ཇོ་མོ་གླང་མའི་རྩེ་མོར་ཐོག་མར་འཛེགས་པ་ལས་རྒྱལ་ཁབ“ཡར་ལངས་པ”མཚོན་པའི་དོན་སྙིང་ལྡན་ཞིང་། དཔའ་བོ་གསུམ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“དཀའ་ངལ་དང་ཉེན་ཁར་མི་འཛེམས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ། མཐུན་སྒྲིལ་རོགས་རེས་བྱེད་པ། དཔའ་ངར་ཆེན་པོས་རི་རྩེར་འཛེགས་པ”བཅས་ཀྱི་རི་འཛེག་སྙིང་སྟོབས་མཚོན་པར་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ལུས་རྩལ་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རང་ལྗོངས་ཀྱི་ལུས་རྩལ་པས་གངས་ཤུད་རི་འཛེག་དང་། རི་ཀླུང་གངས་ཤུད། མར་སུན་འགྲན་རྒྱུག འབྲིང་རྒྱུག་དང་རྒྱང་རྒྱུག སྦེ་ག འདུར་འགྲོས་སོགས་གཙོ་གནད་རྣམ་གྲངས་ནང་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། 2024ལོར། བོད་ཀྱིས་ཚོགས་སྒྲིག་རྣམ་པར་བརྟེན་ནས་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཐེངས་དང་པོ་ཞུགས་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་25ཡིས་དཔའ་ངར་ཆེར་སྐྱེད་ཀྱིས་ཞུམ་མེད་འབད་འབུངས་བྱས་མཐར། གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་1གི་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། 2025ལོའི་ཟླ་2པར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་བདམས་ཐོན་བྱུང་བའི་བོད་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་དང་། བསོད་ནམས་ཆོས་སྒྲོན། ཚེ་བརྟན་གཡུ་སྒྲོན་བཅས་ཀྱིས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པར་ཞུགས་རིང་ཁྱོན་གསེར་གྱི་རྟགས་མ་3དང་། ཟངས་ཀྱི་རྟགས་མ་2 ཨང་དྲུག་པ་1བཅས་བླངས་ཡོད། ཁོང་ཚོས་མྱུར་ཚད་དང་། སྤྲོ་སེམས། ལང་ཚོ། གསོན་ཤུགས་བཅས་ལ་བརྟེན་ནས་ཨེ་ཤེ་ཡར་ཀྲུང་གོའི་གངས་ཤུད་རི་འཛེག་གི་སྟོབས་ཤུགས་མངོན་པར་བྱས་ཡོད།

    2025ལོའི་ཟླ་2ཚེས་9ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོག་མ་སྟེ། བོད་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་རྣམ་གྲངས་འགྲན་བསྡུར་ནང་སྐར་མ་2དང་སྐར་ཆ་55དང་གྲངས་ཆུང་88ཀྱི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་ཐོབ་ཅིང་། འདི་ཡང་བོད་ཀྱི་ལུས་རྩལ་པར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས(ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས)ཀྱི་ལོ་རྒྱུས་ཐོག་གསེར་གྱི་རྟགས་མ་རག་ཐེངས་དང་པོ་རེད།

    2025ལོར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་དང་མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར་ནང་། ཟངས་ཀྱི་རྟགས་མ་གཉིས་ཐོབ་པའི་ལོ་22ལ་སླེབས་པའི་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་ལ“ཨེ་ཤེ་ཡའི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་རྒྱལ་སྤྱི་རིམ་པའི་ལུས་རྩལ་པ་ཐོག་མའི”མཚན་སྙན་ཐོབ་ཡོད་ཅིང་། དེ་ནི་ཁོང་གིས་ལོ་འདི་དག་རིང་རྩེར་སོན་དང་ཡར་རྒྱས་རྒྱུན་ཆད་མེད་པར་བརྩོན་ལེན་བྱས་པར་ར་སྤྲོད་ནུས་ལྡན་བྱུང་བ་ཞིག་རེད། བློ་རྩ་བརྟན་པོ་དང་། འཚོ་བར་དགའ་ཞེན། ཕུགས་འདུན་དོན་གཉེར་བཅས་བྱེད་བཞིན་པའི་བུ་མོ་འདིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་གངས་ཤུད་རི་འཛེག་རྣམ་གྲངས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    1975ལོ་ནས་2025ལོ་བར། དུས་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་རུང་། མི་འགའ་ཞིག་གིས་མི་རབས་ནས་མི་རབས་བར་རི་འཛེག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་རི་རྩེར་འཛེག་པའི་ལམ་བུར་སྐྱོད་བཞིན་མཆིས།

    སྤེན་པ་བཀྲ་ཤིས།

    གཟི་བརྗིད་རྒྱབ་ཀྱི་དཀའ་སྡུག

    1993ལོར། སྤེན་པ་བཀྲ་ཤིས་སྨི་8000ཡན་ཟིན་པའི་བོད་ཀྱི་རི་བོ་14ཡི་རྩེ་མོར་འཛེགས་པའི་མྱུལ་དཔྱད་རུ་ཁག་ལ་ཞུགས་ནས་ཇོ་བོ་དབུ་ཡག་དང་རྟའུ་ལ་སོགས་རི་བོ་13གྱི་རྩེ་མོར་འཛེགས་པ་དང་། 2007ལོའི་ཟླ་7པར། རུ་མི་ཚོ་དང་མཉམ་དུ་ཅ་ཧྲུའུ་པུའུ་ལུའུ་མུའུ་Iཡི་རྩེ་མོར་བདེ་བླག་ངང་འཛེགས་ནས་གོ་ལ་ཧྲིལ་པོའི་སྨི་8000ཡན་གྱི་རི་བོ་14ཡི་རྩེ་མོར་མཉམ་དུ་འཛེགས་པའི་བྱ་གཞག་རླབས་པོ་ཆེ་བཏོད་དེ། འཛམ་གླིང་ཐོག་གྲུབ་འབྲས་འདི་འདྲ་གཏོད་མཁན་གྱི་རི་འཛེག་པ་ཨང་16པར་གྱུར་ཡོད།

    1999ལོའི་ཟླ་5པར། རུ་མི་གཙོ་བོ་སྤེན་པ་བཀྲ་ཤིས་ཀྱིས་རུ་མི་གཞན་དང་མཉམ་དུ་ཇོ་མོ་གླང་མའི་རྩེ་མོར་འཛེགས་ཏེ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་དཔལ་འབར་གྱི་མེ་སོན་འཚོལ་བསྡུ་བྱས་པ་མ་ཟད། ཆུ་ཚོད་4དང་སྐར་མ་47ལ་སྨི་8300ནས་རྩེ་མོར་འཛེགས་པའི་ཟིན་ཐོ་བཏོད་ཡོད། ཐེངས་དེར་ཁོང་ཚོར་སྤོབས་པ་སྐྱེ་འོས་པ་ཞིག་ནི་གུར་སོགས་གྲང་འགོག་ཡོ་ཆས་གང་ཡང་མེད་པར་ཇོ་མོ་གླང་མའི་རྩེ་མོར་སྐར་མ་138བསྡད་པའི་ཀྲུང་གོའི་རི་འཛེག་གི་ཟིན་ཐོ་བཏོད་པ་དེ་རེད།

    2005ལོའི་ཟླ་5ཚེས་27ཉིན། སྤེན་པ་བཀྲ་ཤིས་དང་རུ་མི་རིན་རྣམ་ཕ་ཁི་སི་ཐན་མངའ་ཁོངས་ཀྱི་ཅ་ཧྲུའུ་པུའུ་ལུའུ་མུའུ་Iཡི་རྩེ་མོའི་ཕྱོགས་སུ་སྐྱོད་སྐབས་ལམ་བར་དུ་རྦབ་རྡོ་ཟགས་ནས་རིན་རྣམ་གྱི་མགོ་བོར་རྨས་སྐྱོན་ཕོག་སྟེ། སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་འདི་སྤེན་པ་བཀྲ་ཤིས་ཀྱི་སེམས་ནང་བརྗེད་ཐབས་བྲལ་བར་གྱུར།

    2007ལོར། རིན་རྣམ་གྲོངས་ནས་ལོ་གཉིས་སོང་རྗེས། ཁོང་གི་བཟའ་ཟླ་སྐྱིད་སྐྱིད་ཀྱིས་སེམས་ཐག་ཆོད་པོས་བོད་ཀྱི་རི་བོ་14ཡི་རྩེ་མོར་འཛེགས་པའི་མྱུལ་དཔྱད་རུ་ཁག་གི་མཐའ་མཇུག་གི་ཅ་ཧྲུའུ་པུའུ་ལུའུ་མུའུ་Iཡི་རི་འཛེགས་བྱེད་སྒོར་ཞུགས་པ་མ་ཟད། རི་རྩེར་བདེ་བླག་ངང་འཛེགས་ནས་རི་14ཡི་རྩེ་མོར་འཛེགས་པའི་ཁྱོ་གའི་བསམ་འདུན་གྲུབ་པ་རེད།

    ད་ཆ། སྤེན་པ་བཀྲ་ཤིས་ཀྱིས་ཇོ་མོ་གླང་མའི་འདབས་སུ་ལངས་སྐབས་རྒྱལ་ཁབ་ཀྱི་གཟི་བརྗིད་ཆེད་དུ་རྨས་སྐྱོན་ཕོག་ནའང་ཁོང་གི་ངོ་གདོང་ལས་སྔར་བཞིན་སྤོབས་ཉམས་ཤིག་མངོན་བཞིན་མཆིས།

    བློ་ཚེ།

    “སྐབས་དེར་མ་གཞི་རི་རྩེར་འཛེག་མཁན་ཁོང་རེད”

    ད་ལོ་ལོ་88ལ་སླེབས་པའི་བློ་ཚེ་ནི་1975ལོར་ཇོ་མོ་གླང་མའི་རི་རྩེར་འཛེག་མཁན“ཕོ་རྒོད་དགུ”ཡི་གྲས་རེད།

    “ད་བར་བདེ་མ་ཐང་མ་བྱུང་། འདས་དོན་ལ་ཕྱིར་དྲན་བྱེད་སྐབས་དྲིན་ཚོར་དང་སྤོབས་པ་ཆེན་པོ་སྐྱེ་གི་འདུག རྐྱེན་ལམ་དུ་ཤོར་བའི་འཐབ་གྲོགས་ཡག་པོ་ཝུའུ་ཙུང་གཡོད་ངས་གཏན་ནས་བརྗེད་མི་སྲིད། ཁོང་ནི་ངའི་རི་འཛེག་འཚོ་བའི་ཁྲོད་ཀྱི་སེམས་ཕངས་ཤོས་དང་སེམས་འགུལ་ཐེབས་ཤོས་ཀྱི་མི་ཞིག་ཡིན”ཞེས་མིག་ཟུང་མཆི་ཞག་གིས་བཀང་བཞིན་ཝུའུ་ཙུང་གཡོད་ཀྱི་སྐོར་བརྗོད།

    1959ལོར། ཝུའུ་ཙུང་གཡོད་ཀྲུང་གོའི་རི་འཛེག་རུ་ཁག་ནང་བདམས་ཐོན་བྱུང་ཞིང་། 1960ལོར། ཇོ་མོ་གླང་མའི་མཐོ་ཚད་སྨི་8500ཙམ་བར་འཛེགས་པ་དང་། 1975ལོའི་ཟླ་5པར། ཇོ་མོ་གླང་མའི་བྱང་ངོས་ནས་རི་རྩེར་འཛེག་སྐབས་སྨི་8450ཡི་སར་རྐྱེན་ལམ་དུ་ཤོར་བ་རེད།

    1975ལོར། སླར་ཡང་ཇོ་མོ་གླང་མར་འཛེག་སྐབས་ཝུའུ་ཙུང་གཡོད་ལོ་42ཡིན་པ་དང་། རི་འཛེག་རུ་ཁག་ནང་ནས་རྒན་ཤོས་རེད།

    ཉམས་མྱོང་ཕུན་སུམ་ཚོགས་པའི་ཝུའུ་ཙུང་གཡོད་རི་འཛེག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་གཞོན་པར་བསྐོས་པ་དང་། ཇོ་མོ་གླང་མའི་རྩེ་མོར་འཛེག་མཁན་འཕྲལ་སྒྲུབ་རུ་ཁག་དང་པོའི་རུ་དཔོན་གྱི་འགན་གཅིག་ལྕོགས་འཁུར་བ་མ་ཟད། ད་དུང་པར་རྒྱག་དང་སྙིང་པར་རྒྱང་འཇལ་གྱི་ལས་འགན་ཡང་འཁུར་ཡོད།

    བློ་ཚེས་ལོ་དེར་རི་འཛེག་རུ་ཁག་ས་བབ་སྨི་7600ཟིན་པའི་སྒར་སར་འབྱོར་རྗེས། ཝུའུ་ཙུང་གཡོད་ཀྱིས་དྲོད་ཚད་ཀླད་སྐོར་འོག་གི་ཧྲི་ཧྲེ་ཏུའུ་30ཟིན་པའི་གྲང་ངར་ལ་མ་འཛེམས་པར་སྒར་ས་ཆེན་པོར་སྙིང་པར་གྱི་བརྡ་རྟགས་བསྐུར་བ་དང་། ཚོད་ལྟ་ཐེངས་གཉིས་བྱས་པ་བརྒྱུད། མཐར་ཚོད་ལྟ་ལེགས་གྲུབ་བྱུང་སོང་ཞེས་ཕྱིར་དྲན་བྱེད་བཞིན་བརྗོད།

    ཉིན་གཉིས་པར། འཕྲལ་སྒྲུབ་རུ་ཁག་ས་བབ་སྨི་8600ཟིན་པའི་མཐའ་མཇུག་སྒར་སར་སྐྱོད་སྐབས། ལུས་རྩལ་པ་ཚོས་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་པར་ཡག་པོ་རྒྱག་ཐུབ་ཆེད། ཝུའུ་ཙུང་གཡོད་ཀྱིས་ཐག་པ་བཀྲོལ་ནས་རུ་ཁག་གི་མཇུག་ཏུ་བསྐྱོད་དེ་པར་བརྒྱབ་པ་དང་། པར་ལེན་ལས་འགན་སྔར་བས་ཡག་པོ་སྒྲུབ་ཆེད་ཁོང་རུ་མི་ཚོ་དང་ཁ་བྲལ་བ་རེད།

    ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་འཛེགས་རྗེས། བློ་ཚེ་དང་རུ་མི་གཞན་དག་གིས་མར་བབས་དུས་ཝུའུ་ཙུང་གཡོད་བཙལ་ཞིང་། མཐོ་ཚད་སྨི་8400ལྷག་ཙམ་གྱི་མཚམས་སུ་མཁའ་དབྱིངས་ནས་བྱིའུ་མཆུ་སེར་མང་པོ་ལྡིང་སྐོར་རྒྱག་བཞིན་པ་མཐོང་བ་རེད།

    “དེ་རྗེས། ང་ཚོ་བྱིའུ་མཆུ་སེར་དེ་དག་འཕུར་ལྡིང་བྱེད་སར་བསྐྱོད་པས། འཁྱགས་རེངས་ཤོར་བའི་ཝུའུ་ཙུང་གཡོད་གྱི་སྐུ་ཕུང་རྙེད་བྱུང”ཞེས་བརྗོད་སྐབས། བློ་ཚེའི་མིག་ཟུང་མཆི་མས་ཁེངས། ཁོང་གིས“བློ་ཕམ་དགོས་པ་ཞིག་ལ། སྐབས་དེ་དུས་རི་འཛེག་རུ་མི་ཚོ་ཡང་ཐང་ཆད་ནས་ཁོང་གི་སྐུ་ཕུང་འཁྱེར་མ་ཐུབ་པས། རྡོ་གཡམ་མང་པོས་བཀབ་པ་ཡིན། ངའི་འཐབ་གྲོགས་ཝུའུ་ཙུང་གཡོད་ཀྱིས་ཀྲུང་གོའི་རི་འཛེག་བྱ་གཞག་ལ་རང་སྲོག་བློས་བཏང་བ་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།