དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ངར་ཤུགས་གཅིག་སྒྲིལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2025-08-13

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་བསྟན་དོན། ལོ་སྨད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “དོན་ཆེན་བཞིར”དམིཌ་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས།

    ད་ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། རྒྱུན་སྲིང་ལྷོད་མེད་ཀྱིས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔལ་འབྱོར་ཁོར་ཡུག རི་སྔོན་ཆུ་དྭངས་ཀྱི་རང་བྱུང་ཁོར་ཡུག་བཅས་རྒྱུན་མཐུད་ལེགས་སུ་ཕྱིན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ད་ལོའི་ལོ་སྨད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་སློང་བཀའ་རྒྱ་བཏང་ཡོད་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱའི་ཐོག་གང་མགྱོགས་གཅིག་གྱུར་ཡོང་བར་བྱས་ཏེ། ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། གདེང་ཚོད་བརྟན་དུ་གཏོང་བ། ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱེད་པ། གཙོ་གནད་ལས་དོན་ཁག་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུ་བར་འགན་ལེན་བྱེད་དགོས།

    བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། སྤྱི་འདོམས་ཀྱི་ཐབས་ཤེས་ལ་བརྟེན་ནས་སྤྱི་ཡོངས་ལ་ཇུས་འགོད་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས། ཏང་འཛུགས་སྐྱོང་བཅས་ཀྱི་ལྷུ་ཚིགས་ཁག་དང་། ཁྱབ་ཁོངས་ཁག འཁོར་འབྲེལ་ཧྲིལ་པོ་བཅས་དང་འབྲེལ་བ་ཡོད་པས། ངེས་པར་དུ་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ཏེ་ཁྱོན་ཡོངས་ནས་བསམ་གཞིག་བྱེད་པ་དང་། སྤྱི་ཡོངས་ནས་ཇུས་འགོད་བྱེད་པ། མཉམ་དུ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ“རྩ་འཛིན”དང“བླ་སྲོག”ལ་བརྩི་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་བཅས་བྱས་པར་ངོས་འཛིན་གཏིང་ཟབ་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་གཞོགས་འདེགས་མཐུན་སྦྱོར་བྱེད་མཁས་པ། ལས་ཀའི་མཚམས་སྦྱོར་རང་བཞིན་དང་། བརྒྱུད་རིམ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་པ། ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་སོགས་ཀྱི་ལས་དོན་ལ་གཞི་གཅིག་ཏུ་ཇུས་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། མཐུན་སྦྱོར་འཕེལ་རྒྱས། ཕན་ཚུན་གཞོགས་འདེགས་བཅས་བྱེད་པ་དེ“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་རྨང་གཞིར་འགྱུར་བར་བྱེད་དགོས།

    འགལ་ཟླ་གཙོ་བོར་དམ་འཛིན་བྱེད་མཁས་པོ་བྱས་ནས་གཙོ་གནད་ལས་འགན་འགག་སྒྲོལ་བྱེད་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་ལ་མཐོང་ཆེན་བྱེད་པ་ནི་གཙོ་ཕལ་གྱི་དབྱེ་བ་མེད་པ་དང་། བྱ་ཟིན་ཉ་ཟིན་བྱེད་པ་ཞིག་གཏན་ནས་མིན་པར། འགལ་ཟླ་གཙོ་བོ་དང་འགལ་ཟླའི་གཙོ་གནད་དམ་འཛིན་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་འགག་སྒྲོལ་ལ་བརྟེན་ནས་སྤྱི་ཡོངས་ལ་སྐུལ་ཁྲིད་བྱེད་པ་དེ་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགག་རྩ་ནི“འཛུགས་གཏོད་བཞིའི”དམ་འཛིན་བྱ་གཞི་གལ་ཆེན་འདི་ཡག་པོ་སྤྱོད་རྒྱུ་དེ་ཡིན་ཞིང་། ཁྱབ་ཁོངས་ཁག་གི་ལས་དོན་ཚང་མར་ཞིབ་ཕྲ་ཡོང་བ་བྱས་ཏེ་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་འཚོལ་མཁས་པོ་བྱེད་དགོས། ཕྱོགས་གཉིས་སྨྲ་བ་དང་གཙོ་གནད་སྨྲ་བ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལས་དོན་ཁག་ལ་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པར་བྱས་ཏེ། སྔོན་དཔག་གི་དམིགས་ཚད་ལ་སླེབས་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱེད་དགོས།

    མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་ནི་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་སྐབས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ཞིག་ཀྱང་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དེ་རྩ་བའི་ལངས་ཕྱོགས་ལ་བརྩི་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་རྩ་བའི་འགན་འཁྲིར་བརྩིས་ནས། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཞིང་འབྲོག་པ་སྒྲིག་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་གནས་སྒྱུར་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་སྟེ། འབབ་འཕར་བརྟན་པོ་དང་རྒྱུན་མཐུད་འབབ་འཕར་ཡོང་བའི་འགན་ལེན་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས།

    དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ཏན་ཏན་ཏན་ཏིག་དང་བློ་རྩེ་གཅིག་སྒྲིམ་གྱིས་ལག་བསྟར་ལ་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཚེ། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི་འཆར་གཞི་དག་རེ་རེ་བཞིན་དོན་དངོས་ལ་གྱུར་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་གངས་ལྗོངས་ས་མཐོར་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་ཐུབ་པའི་འགན་ལེན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།