བོད་ལྗོངས་ཀྱི་དཔེ་ཚོང་ཁང་གཉིས་རྒྱལ་ཡོངས་ཀྱི“ལོ་འཁོར་གྱི་དཔེ་ཚོང་ཁང་ཡག་ཤོས”སུ་བདམས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་33པ་ཁྲུང་ཆིང་དུ་གཉེར་བ་དང་། ཀྲུང་གོའི་དཔེ་དེབ་དང་དུས་དེབ་འགྲེམས་སྤེལ་ལས་རིགས་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི“ལོ་འཁོར་གྱི་དཔེ་ཚོང་ཁང་ཡག་ཤོས”ཀྱི་དཔྱད་འདེམས་བྱས་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། རང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་ཤིན་ཧྭ་དཔེ་ཚོང་ཁང་དང་ལྷ་ས་གྲོང་ཁྱེར་གྱི་ཁྲི་ཏོ་རི་དཔེ་ཚོང་ཁང་དེའི་ནང་བདམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཤིན་ཧྭ་དཔེ་ཚོང་ཁང་གིས་གཞུང་བཙུགས་དཔེ་ཚོང་ཁང་གི་ཐབས་ལམ་གཙོ་བོ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཡུལ་སའི་ནུས་པ་གང་ལེགས་བཏོན་ཏེ། མི་དམངས་མང་ཚོགས་ལ་བསམ་པའི་རིག་གནས་ཀྱི་རྒྱགས་ཕྱེ་ཕུན་སུམ་ཚོགས་པོ་མཁོ་འདོན་ཧུར་ཐག་བྱས་ནས་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ་འགྲེམས་སྤེལ་ལས་དོན་ནན་ཏན་ངང་སྤེལ་བ་དང་དུས་མཚུངས། སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་ལྟ་ཀློག་ཁྱབ་གདལ་བཏང་སྟེ་དམངས་ཡོངས་ཀྱི་ལྟ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ཡོད།
ལྷ་ས་རང་གི་གསར་གཏོད་སྤུས་རྟགས་ཀྱི་དཔེ་ཚོང་ཁང་ཞིག་ཡིན་པའི་ངོས་ནས་ཁྲི་ཏོ་རི་དཔེ་ཚོང་ཁང་གིས་ཀློག་པ་པོར་སྤུས་ལེགས་ཀྱི་ཤོག་བུའི་དཔེ་དེབ་དང་དབྱིངས་ཞུགས་རྣམ་པའི་དཔེ་ཀློག་ཉམས་ལེན་མཁོ་འདོན་བྱས་ཏེ། ཀློག་པ་པོ་མི་འདྲ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་པ་མ་ཟད། ད་དུང་ཀློག་པ་པོ་ཚང་མས་དཔེ་ཀློག་གི་སྤྲོ་སྣང་དང་རིག་གནས་ལས་སྦྱིན་པའི་ཤེས་པ་ཚོར་ཐུབ་པར་བྱས་ཡོད།
ད་ཐེངས་དཔེ་ཚོང་ཁང་གཉིས་རྒྱལ་ཡོངས་ཀྱི“ལོ་འཁོར་གྱི་དཔེ་ཚོང་ཁང་ཡག་ཤོས”སུ་བདམས་པ་དེ་ནི་བོད་ལྗོངས་ཀྱི་དངོས་ཚན་དཔེ་ཚོང་ཁང་གསར་གཏོད་འཕེལ་རྒྱས་རིམ་སྤོར་བྱས་པའི་གྲུབ་འབྲས་ཤིག་རེད། དེས་ལས་རིགས་ཕྱོགས་སྒྱུར་བྱེད་པར་དཔེ་སྟོན་གྱི་དཔེ་མཚོན་མཁོ་འདོན་བྱས་ཏེ་རིག་དཔལ་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།