དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    ཧྥི་ལི་ཕིན་གྱི་འགོ་ཁྲིད་པས་ཐའེ་དབན་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་སྤེལ་བའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཧྥི་ལི་ཕིན་གྱི་འགོ་ཁྲིད་པས་ཐའེ་དབན་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་སྤེལ་བའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།

    གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཧྥི་ལི་ཕིན་གྱི་འགོ་ཁྲིད་པས་རྒྱ་གར་ལ་འཚམས་འདྲི་བྱེད་རིང་བཅར་འདྲི་དང་ལེན་བྱེད་སྐབས། གལ་ཏེ་ཐའེ་དབན་གྱི་གནད་དོན་ཐད་ཀྲུང་གོ་དང་ཨ་རིའི་དབར་ཁ་གཏད་དུ་ལངས་ཚེ། ཧྥི་ལི་ཕིན་གྱིས་སྣང་མེད་ཁུར་མེད་དུ་སྡོད་མི་སྲིད། དེ་ནི་ཧྥི་ལི་ཕིན་གྱི་ས་ཁམས་གནས་ཡུལ་གྱིས་ཐག་བཅད་པ་ཞིག་རེད། གལ་སྲིད(ཐའེ་དབན་མཚོ་འགག)ཏུ་ཕྱོགས་ཡོངས་ནས་དམག་འཁྲུག་ལངས་ཚེ། ཧྥི་ལི་ཕིན་དེའི་ནང་ཚུད་རྒྱུ་ཉག་གཅིག་རེད། སྐབས་དེར་ང་ཚོས་རང་ཉིད་ཀྱི་མངའ་ཁོངས་དང་བདག་དབང་ལ་སྲུང་སྐྱོང་མི་བྱེད་ཐབས་མེད་ཡིན། དེ་མིན་ཐའེ་དབན་དུ་ཧྥི་ལི་ཕིན་གྱི་སྤྱི་དམངས་འབོར་ཆེན་ཡོད་པས། (གལ་ཏེ་ཐའེ་དབན་མཚོ་འགག་ཏུ་དམག་འཁྲུག་ལངས་ཚེ)དེ་འཕྲལ་མར་མི་ཆོས་རིང་ལུགས་ཀྱི་གནད་དོན་ལ་འགྱུར་རྒྱུ་ཡིན་པས། ང་ཚོ་དེའི་ནང་མི་ཞུགས་ཀ་མེད་རེད་ལ་ཧྥི་ལི་ཕིན་གྱི་སྤྱི་དམངས་རྒྱལ་ནང་དུ་བསུ་ཐབས་བྱེད་དགོས། དེ་ནི་ང་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་རེད། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཐའེ་དབན་དུ་ཡོད་པའི་ཧྥི་ལི་ཕིན་གྱི་སྤྱི་དམངས་ཕྱིར་འཐེན་བྱེད་རྒྱུ་རེད། དེ་ནི་དོན་ཆུང་ཞིག་མིན་ཞེས་བརྗོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད།

    མགྲིན་ཚབ་པས་བརྗོད་དོན། འཛམ་གླིང་ཐོག་ཀྲུང་གོ་གཅིག་རང་ལས་མེད། ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་དང་ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན། ཐའེ་དབན་གྱི་གནད་དོན་ཐག་གཅོད་ཇི་ལྟར་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཅིག་ཡིན་པས་མི་གཞན་གྱིས་ཐེ་ཇུས་བྱེད་པའི་དགོས་པ་མེད།

    མགྲིན་ཚབ་པས་བརྗོད་དོན། ཧྥི་ལི་ཕིན་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་ལ“ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡིན་ལ། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་གྱི་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་འབད་བརྩོན་བྱེད་པར་བསམ་ཤེས་ཐུབ་ཀྱི་འདུག”ཅེས་བབ་བརླིང་གཟབ་ནན་ངང་ཁས་ལེན་མྱོང་ཡོད། ཧྥི་ལི་ཕིན་གྱི་འགོ་ཁྲིད་པས་ཀྱང་ཀྲུང་གོ་ཕྱོགས་ལ“ཧྥི་ལི་ཕིན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡིན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་གླེང་མེད་རེད། དེས་ན་ཀྲུང་གོ་བ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས”ཞེས་གསལ་པོར་བརྗོད་མྱོང་ཡོད། སྐད་ཆ་དེ་དག་སྔར་བཞིན་རྣ་རུ་གྲགས་ལ་ཤོག་བུ་དཀར་པོར་ཡི་གེ་ནག་པོ་བྲིས་པ་ཡིན་མོད། འོན་ཀྱང་། མིག་སྔར་ཧྥི་ལི་ཕིན་ཕྱོགས་ཀྱིས་ཁ་དན་ཚིག་ལ་མ་གནས་པ་དང་མཇུག་འབྲས་གང་ཞིག་ཡོང་མིན་ལ་མ་བལྟོས་པར། ནོར་འཁྲུལ་དང་འཁྲུག་སློང་གི་གཏམ་སྤྱོད་མུ་མཐུད་སྤེལ་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་མུ་མཐུད་གཡོ་ལྷད་གཏོང་བ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བར་མུ་མཐུད་དུ་གནོད་འཚེ་གཏོང་བ་བཅས་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་དེའི་ཐད་ཧྥི་ལི་ཕིན་ཕྱོགས་དང་དྲང་ནན་སྒོ་ནས་སྐད་ཆའང་བྱེད་རྒྱུ་ཡིན།

    མགྲིན་ཚབ་པས། “ས་ཁམས་ཐག་ཉེ་བ”དང“ཕྱིར་སྡོད་ཡུལ་མི་མང་བ”ནི་རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་དང་རྒྱལ་ཁབ་གཞན་གྱི་བདག་དབང་ལས་དོན་ལ་ཐེ་ཇུས་བྱེད་པའི་ཁ་གཡར་ས་ཞིག་མིན། བཤད་ཚུལ་དེ་རིགས་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྩ་འཛིན་དང་འགལ་བ་ཞིག་རེད་ལ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཧྥིའི་དབར་ཕྱི་འབྲེལ་འཛུགས་སྐབས་ཀྱི་སྤྱི་བསྒྲགས་ཀྱི་དགོངས་དོན་ལ་བརྩི་སྲུང་ཏན་ཏིག་ཞུ་བ་ལས། ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་གྱི་གནད་དོན་ཐད་མེ་རྩེད་རྩེ་མི་རུང་བའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།