དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།

    མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པར་འགན་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-12

    ཟླ་8ཚེས་7ཉིན་ནས་བཟུང་། ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་སོགས་ལ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་གི་གནོད་འཚེ་ཐོན་ཏེ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་རེད།

    གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ལེགས་པར་བསྒྲུབས་ནས་མང་ཚོགས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་མང་ཚོགས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པར་འགན་ལེན་བྱས་པ་རེད།

    འཚོལ་སྐྱོབ་ལ་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔའི་ཁ་ཚ་དགོས་གཏུག་གི་བྱ་བ་ནི་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། ཉེན་ཁར་གྱར་བའི་མང་ཚོགས་རྣམས་གནས་སྤོ་བཀོད་སྒྲིག་བྱེད་པ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་པ། འཕྲིན་གཏོང་དང་འགྲིམ་འགྲུལ་སླར་གསོ་གང་མགྱོགས་བྱེད་པ་བཅས་ཡིན་ཞེས་གསུངས་པ་རེད།

    གསར་འགོད་པས་ཀན་སུའུ་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་9ཉིན་གྱི་ཆུ་ཚོད་18ཙམ་བར་ཡུས་ཀྲུང་རྫོང་སོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེའི་དབང་གིས་མི་15རྐྱེན་ལམ་དུ་ཤོར་བ་དང་། མི་28འབྲེལ་བ་ཆད་པ། མི་15ལ་རྨས་སྐྱོན་ཕོག་པ། མི་9828འཕྲལ་མར་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་བྱས་པ་རེད།

    དྲག་ཆས་ཉེན་རྟོག་ཀན་སུའུ་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཚོས་གེགས་སེལ་གྱི་འཐབ་ས་དང་པོར་མུ་མཐུད་འབད་བརྩོན་བྱེད་བཞིན་ཡོད། ཚེས་9ཉིན་གྱི་ཆུ་ཚོད་16དང་སྐར་མ་10ཙམ་བར། དྲག་ཆས་ཉེན་རྟོག་ཀན་སུའུ་སྤྱི་ཁྱབ་རུ་ཁག་གིས་དམག་མི་400ལྷག་ཙམ་བཏང་ནས་ཁ་ཕྱོགས་4དང་གནས་5ལ་དབྱེ་སྟེ་ཉེན་སེལ་གུད་སྐྱོབ་བྱས་པ་དང་། གཙོ་བོ་མི་སྣ་འཚོལ་སྐྱོབ་དང་། འདམ་རྙོག་གཙང་སེལ། དངོས་ཟོག་འཕྲལ་སྐྱེལ་སོགས་ཀྱི་ལས་འགན་ཁུར་ཡོད་པ་རེད།

    གྲལ་བཤེར་རགས་ཙམ་བྱས་པ་བརྒྱུད། ཡུས་ཀྲུང་རྫོང་དུ་ཆུ་ལོག་གི་གནོད་འཚེའི་དབང་གིས་ཁྱོན་སྤྱི་ལེ་102.2ཡོད་པའི་གཞུང་ལམ་51ལ་གཏོར་སྐྱོན་ཕོག་པ་རེད། ཀན་སུའུ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འཕྲལ་སྡོམ་མི་སྣ་670ལྷག་ཙམ་སྒྲིག་འཛུགས་དང་སྒྲིག་ཆས་130ལྷག་ཙམ་གྲ་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་མྱུར་བཟོའི་ལས་དོན་སྤེལ་བ་རེད། ཚེས་9ཉིན་གྱི་ཆུ་ཚོད་18ཙམ་བར་ཡུས་ཀྲུང་རྫོང་གི་གནོད་འཚེ་ཕོག་པའི་གྲོང་ཚོ་ཚང་མའི་འགྲོ་ལམ་ཤར་གཏོང་ཐུབ་ནས་ཉེན་སེལ་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་འགྲོ་སྐྱོད་ཀྱི་ཆ་རྐྱེན་འཛོམས་ཡོད་པ་རེད།

    ཤྭ་འོད་དང་ཆུ་རུད་ཀྱིས་ཡུས་ཀྲུང་རྫོང་གི་ཆུ་མདོང་གཙོ་བོར་གཏོར་སྐྱོན་ཕོག་ནས་ཡུས་ཀྲུང་རྫོང་ཁྲེང་ཀོན་གྲོང་རྡལ་དང་། ཞའོ་ཁང་ཡིང་ཤང་། ཞ་ཀོན་ཡིང་གྲོང་རྡལ་བཅས་སྲིད་འཛིན་གྲོང་ཚོ་ཁག་གཅིག་གི་ཆུ་མཁོ་འདོན་ལ་ཤུགས་རྐྱེན་ཐེབས་ཡོད། ཚེས་9ཉིན་གྱི་ཆུ་ཚོད་13ཙམ་ལ་གཏོར་སྐྱོན་ཕོག་པའི་ཆུ་མདོང་མྱུར་བཟོ་བྱས་རྗེས་ཆུ་ཤར་གཏོང་ཐུབ་པ་རེད།

    གནོད་འཚེ་ཕོག་ཁུལ་གྱི་འཕྲིན་གཏོང་ནུས་པ་སླར་གསོ་མགྱོགས་མྱུར་བྱེད་བཞིན་ཡོད་ཅིང་། ཚེས་9ཉིན་གྱི་ཆུ་ཚོད་16ཙམ་བར། ཡུས་ཀྲུང་རྫོང་གི་ཤང་དང་གྲོང་རྡལ་5ཡི་གནོད་འཚེ་ཕོག་པའི་གྲོང་ཚོ་22ཀྱི་གཞི་རྩའི་འཕྲིན་གཏོང་སླར་གསོ་ཐུབ་པ་དང་། དེའི་ནང་གྲོང་ཚོ་16གནོད་འཚེ་མ་ཕོག་གོང་ལྟར་སླར་གསོ་ཐུབ་པ་དང་། འཕྲིན་གཏོང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པའི་མ་ལན་ཐན་སོགས་གྲོང་ཚོ་6གི་གཞི་རྩའི་འཕྲིན་གཏོང་ལ་འགན་ལེན་ཐུབ་ཡོད་པ་རེད།

    བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་དོན་འཁྱོལ་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ་མང་ཚོགས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

    རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཨུ་ལྷན་གྱིས་ཀན་སུའུ་ཡི་གནོད་འཚེར་འབྲུབ་འགོག་དང་གེགས་སེལ་གྱི་རིམ་བཞིའི་འཕྲལ་སྡོམ་དང་ལེན་སོ་སོར་བྱེད་འགོ་ཚུགས་པ་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་ས་གཤིས་ཀྱི་གནོད་འཚེའི་རིམ་གསུམ་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཟླ་8ཚེས་9ཉིན་གྱི་ཆུ་ཚོད་15ཙམ་ལ་ཅང་སུའུ་དང་། ཨན་ཧུའེ། ཧུའུ་པེ། ཁྲུང་ཆིང་བཅས་ལ་དམིགས་ནས་འབྲུབ་འགོག་རིམ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། ཉེ་ཆར། དམིགས་བསལ་གནམ་གཤིས་བསྟན་པས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཆར་ཆུ་འབབ་ཆེ་བའི་ཁུལ་ལ་གནད་ནས་གནད་ལ་བཀོད་གཏོང་བྱས་ཏེ། ལས་རེས་སྡོད་བྱ་དང་། སྟོབས་ཤུགས་སྔོན་བཀོད། འཕྲལ་སྡོམ་གྲ་སྒྲིག་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་གཏོང་བ་དང་། སྔོན་བརྡ་དང་ཉེན་ཟོན་སྔོན་དཔག་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་འདབས་དང་། རི་ཁུལ། གྲོང་གསེབ་དང་གཙོ་གནད་ས་ཁོངས་བཅས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་འབུར་དུ་ཐོན་པ། ཉེན་ཁ་དང་གནོད་འཚེའི་གནས་ཚུལ་འཕྲལ་མར་ཐག་གཅོད་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བཀོད་གཏོང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀན་སུའུ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་ལ་དམིགས་བསལ་གནམ་གཤིས་སྟོན་སྐབས་རང་འགུལ་ངང་འགོག་སྲུང་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མངགས་ནས་གནོད་འཚེ་ཕོག་ཁུལ་གྱི་གཞུང་ལམ་མྱུར་བཟོ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།

    ཚེས་9ཉིན་གྱི་ཆུ་ཚོད་12ཙམ་ལ་ཆུ་བེད་པུའུ་ཡིས་ཧོ་ནན་དང་། ཧུའུ་པེ། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས་བཅས་ཞིང་ཆེན་ལྔ་ལ་དམིགས་ནས་ཆུ་ལོག་འགོག་སྲུང་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་། ཨན་ཧུའེ་དང་ཀན་སུའུ་ཞིང་ཆེན་གཉིས་ལ་དམིགས་པའི་ཆུ་ལོག་འགོག་སྲུང་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་ནས་འབྲེལ་ཡོད་ས་ཁུལ་གྱི་ཆུ་བེད་སྡེ་ཚན་དང་འབྲེལ་ཡོད་འབབ་རྒྱུད་ཀྱི་དོ་དམ་སྒྲིག་གཞིར་འབྲུབ་འགོག་གི་འགན་འཁྲི་སྔར་བས་ནན་དུ་གཏོང་རྒྱུའི་བླང་བྱ་བཏོན་པ་རེད།

    རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུང་གོ་བྱིས་པ་དང་གཞོན་ནུ་ལོ་ཆུང་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་91དང་རིན་ཐང་སྒོར་ཁྲི་30རི་བའི་གེགས་སེལ་དངོས་ཟོག་འཕྲལ་མར་གྲབས་གསོག་བྱས་པ་དང་། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་20དང་རིན་ཐང་སྒོར་ཁྲི་80རི་བའི་གེགས་སེལ་དངོས་ཟོག་འཕྲལ་མར་གྲབས་གསོག་བྱས་ནས་གནོད་འཚེ་ཕོག་པའི་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་ལ་རོགས་སྐྱོབ་བྱེད་པར་སྤྱོད་རྒྱུ་རེད། མིག་སྔར་ཨ་མའི་སྦྲག་བསྐུར(ཁྱིམ་ཚང་བདེ་ཐང་ཁུག་མ)དང་འོ་རྩམ་སོགས་འཚོ་བའི་མཁོ་ཆས་ཁག་དང་པོ་གེགས་ཁུལ་དུ་སྐྱེལ་བཞིན་ཡོད་པ་རེད།

    ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྣང་མེད་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་ཉེན་བརྡ་སྔོན་གཏོང་དང་ཉེན་ཟོན་ལ་ཤུགས་སྣོན་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་ལས་རེས་སྡོད་བྱར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི”བླང་བྱ་བཏོན་པ་རེད།

    པེ་ཅིང་གྲོང་ཁྱེར་གྱིས་འབྲུབ་འགོག་འཕྲལ་སྡོམ་སྔོན་ཇུས་ཀྱི་སྤྱིའི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ཏེ་ཉེན་ཟོན་སྔོན་བརྡའི་རིམ་པ་མི་འདྲ་བར་དམིགས་ནས་མཉམ་འགུལ་སྔོན་ཇུས་ཡག་པོ་བཟོས་ཤིང་། “ཉེན་བརྡ་སྔོན་གཏོང་དང་ཉེན་ཟོན་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག འཕྲལ་སྡོམ་ལས་རེས་སྡོད་བྱ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འབྲུབ་འགོག་ལས་དོན་ལ་སྔར་བས་སྔོན་དཔག་རང་བཞིན་དང་དམིགས་སའི་རང་བཞིན་ལྡན་པར་བྱས་ཡོད”ཅེས་པེ་ཅིང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་ཅིང་། ཁོང་གིས། དགོས་ངེས་ཀྱི་སྐབས་སུ་ཉེན་སེལ་སྟོབས་ཤུགས་སྔོན་བཀོད་བྱས་ཏེ“གནས་སྤོ་བཀོད་སྒྲིག་དགོས་རིགས་ཚང་མར་གནས་སྤོ་བཀོད་སྒྲིག་བྱེད་པའི”རྩ་དོན་གཞིར་བཟུང་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    དྲག་ཆར་བསྟུད་མར་འབབ་པར་ཁ་གཏད་གཅོག་ཆེད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་8000ཀོང་ཀྲོའུ་དང་ཧུའེ་ཀྲོའུ་སོགས་གནོད་འཚེ་ཕོག་ཁུལ་དུ་སྤྲད་ནས་འཕྲལ་སྡོམ་ཉེན་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་དང་། གེགས་སེལ་དངོས་ཟོག་ཉོ་སྒྲུབ་དང་གསོག་སྐྱེལ། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་འཕྲལ་སྡོམ་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

    ད་རེས་ཀྱི་དྲག་ཆར་བབས་པའི་གནམ་གཤིས་ལ་གཞིགས་ཏེ་ནང་སོག་རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་ཀྱི་འབྲུབ་འགོག་འཕྲལ་སྡོམ་ཐེངས་5དང་ལེན་ཞུས་པ་དང་། ལས་དོན་ཚོགས་ཆུང་8གཙོ་གནད་ས་ཁུལ་དུ་མངགས་ནས་འབྲུབ་འགོག་གེགས་སེལ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། ཧུའུ་ལུན་པེར་གྲོང་ཁྱེར་གྱིས་ཧེ་ལུང་ཅང་གི་ཏ་ཞིང་ཨན་ལིང་ས་ཁུལ་དང་ནང་སོག་ཤིང་ཨན་མོང་དབར་དུས་ཐོག་ཏུ་ཆ་འཕྲིན་སྤེལ་རེས་རྒྱུན་འཁྱོངས་བྱས་པ་དང་། དུས་མཚུངས་སུ་སྤྱི་བདེ་དང་། མེ་གསོད། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱི་ཉེན་བརྡ་དང་ལེན་ལས་སྟེགས་བཙུགས་ནས་ཐོལ་བྱུང་དོན་རྐྱེན་འཕྲལ་དུ་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།