འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ།
《དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཉེ་ཆར་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་འགན་ལེན་གྱི་ཁྱབ་རྒྱ་ཆེ་རུ་ནུས་ལྡན་གཏོང་བ་དང་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཐ་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་གཙོ་གནད་བྱེད་ཐབས་ཁག་10བཏོན་པ་དང་། 《བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》གཞིར་བཟུང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འཚམ་པའི་ལོ་3མན་གྱི་བྱིས་པ་དང་ཕྲུ་གུ་དམར་འབྱར་ལ་ཁ་གསབ་སྤྲོད་རྒྱུ་དང་། ཕྲུ་གུ་རེར་ལོ་རེར་སྒོར་3600སྤྲོད་རྒྱུ། 2024ལོར་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79ཟིན་པ། “ལོ་ལྔ་ཚན་བཅུ་གཉིས་པ”ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལོ་ལྔ་རེའི་ནང་ཚེ་ཚད་ལོ་1རིང་དུ་ཕྱིན་པ་སོགས་བཏོན་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དམངས་འཚོ་གཙོ་བོར་བཟུང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་སྣོན་རྒྱག་པ་དང‘རྒན་གཅིག་གཞོན་གཅིག’སོགས་གཙོ་གནད་དམངས་འཚོ་འགན་སྲུང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བརྟན་པོ་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“དམངས་འཚོ་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོར་ཡོང་བར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བསྟན་གནང་ཡོད།
སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མཐར་གཏུགས་ན་མི་དམངས་ཀྱིས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་ཆེད་རེད། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཟམ་མི་ཆད་པར་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སུ་བསྒྱུར་ཡོད་པ་དང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
དམངས་འཚོའི་རྩ་བ་བརྟན་དུ་བཏང་ནས་ལས་ཞུགས་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་པ།
ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་ཞིང་། “ལོ་ལྔ་ཚུན་བཅུ་བཞི་པའི”ཚུན། རང་རྒྱལ་གྱི་ལོ་རེའི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་ཁྲི་1200ཡན་བརྟན་པོ་བྱུང་ནས་དམངས་འཚོ་ལེགས་སུ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གལ་ཆེན་བྱས་ཡོད།
ལས་ཞུགས་སྲིད་ཇུས་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་བཏང་ཞིང་། དུས་མཚམས་རང་བཞིན་གྱི་ལས་ཀ་ཤོར་ཚད་དམའ་རུ་དང་ལས་རྨས་འགན་བཅོལ་བྱེད་ཚད་སོགས་ཀྱི་སྲིད་ཇུས་རྒྱུན་མཐུད་ལག་ལེན་བསྟར་བ་དང་ལོ་མང་བསྟུད་མར“ཉིན་བརྒྱར་ལས་མི་ཁྲི་སྟོང་བསྡུ་བའི་ཆེད་དོན་བྱ་སྤྱོད”སོགས་སྤེལ་ཡོད། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པ་ལས་མིའི་ལས་ཞུགས་ལ་སྐུལ་འདེད་བཏང་བས་དབུལ་སྒྲོལ་བྱུང་བའི་ངལ་རྩོལ་ནུས་ཤུགས་ཕྱིར་གླ་པ་རྒྱུག་པའི་གཞི་ཁྱོན་མི་ཁྲི་3000ཡན་བརྟན་པོ་བྱུང་བ། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། མིག་སྔར་རང་རྒྱལ་གྱི་རྩལ་ནུས་ཤེས་ལྡན་པའི་སྤྱི་འབོར་དུང་ཕྱུར་2ལས་བརྒལ་བ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་ཁྲི་6000ལས་བརྒལ་བ་བཅས་རེད།
དམངས་འཚོའི་དགོས་མཁོར་དམིགས་ནས་སྤྱི་པའི་ཞབས་ཞུས་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱས་པ།
རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་པ་དང་། 2024ལོར་རང་རྒྱལ་གྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ལས་བརྒལ་བ་མ་ཟད། རིམ་པ་ཁག་གི་སློབ་གསོ་ཁྱབ་གདལ་གཏོང་ཚད་དེ་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་ཡོད།
མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱ་ཆེད། རང་རྒྱལ་གྱིས་སྨན་བཅོས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་བྱས་ཡོད། 2021ལོའི་ཚུན་དུ། རང་རྒྱལ་གྱིས་རྒྱལ་ཁབ་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་114གསར་དུ་བཀོད་སྒྲིག་བྱས་པ་དང་། དམ་ཟབ་ཅན་གྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་དང་གྲོང་ཁྱེར་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་ཚད་95%ལ་བརྟན་པོ་བྱུང་ཡོད།
དམངས་འཚོའི་རེ་སྒུག་ལ་ལན་སློག་ནས“རྒན་གཅིག་གཞོན་གཅིག”ལ་རོགས་རམ་བྱས་པ།
པེ་ཅིང་ཁྲང་ཕིང་ཆུས་ཀྱི“རྒན་གཅིག་གཞོན་གཅིག”མཉམ་འདྲེས་ལྟེ་གནས་སུ་སྐྱོད་སྐབས་བྱིས་པ་མང་པོ་ཞིག་གིས་རྒན་རྒོན་ཚོའི་རོགས་རམ་འོག་ལག་ཤེས་སྦྱོང་བཞིན་པ་མཐོང་བྱུང་། དེ་གར་སྡེ་ཁུལ་གྱི་བཅོལ་གསོ་ཁང་འདུག་ལ། རྒན་གསོའི་ས་ཚིགས་ཀྱང་འདུག “ང་ཚོས་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ་བརྒྱུད་མང་ཚོགས་ལ་རོགས་རམ་བྱེད་ཞོར“རྒན་རྒོན་དང་བྱིས་པར་ལྟ་རྟོག་བྱེད་མཁན་མེད་པའི”དཀའ་གནད་བསལ་ཏེ། “རྒན་གཅིག་གཞོན་གཅིག”གི་མཛའ་བརྩེའི་སྡེ་ཁུལ་སྐྲུན་པར་རམ་འདེགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་མཉམ་འདྲེས་ལྟེ་གནས་དེའི་འགན་འཁུར་བ་ལི་ཞའོ་ཁྲུན་གྱིས་བཤད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། བཅོལ་གསོ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཀུན་ཕན་བཅོལ་གསོ་ཞབས་ཞུའི་མཁོ་སྤྲོད་མང་དུ་བཏང་ཡོད།
མིག་སྔར། རྒྱལ་ཡོངས་ཀྱི་ལྟ་རྟོག་རྣམ་པའི་རྒན་གསོའི་ཉལ་ཁྲིའི་བསྡུར་ཚད་64.6%བར་མང་དུ་ཕྱིན་པ་དང་། ཡུན་རིང་ལྟ་རྟོག་གི་འགན་བཅོལ་ནང་ཞུགས་མཁན་མི་དུང་ཕྱུར་1.9ལྷག་ཙམ་ཟིན་ཡོད། ས་ཁུལ་ཁག་གིས་བུ་བཙའི་ཁ་གསབ་སྤྲོད་པའི་བརྒྱུད་རིམ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་དང་མི་འབོར་མང་བའི་རྫོང་300ལྷག་ཙམ་གྱིས་བཅོལ་གསོའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་མང་ཚོགས་དེ་བས་མང་བས“བཅོལ་ཐུབ་པ”དང“བློ་བདེ་པོའི་ངང་བཅོལ་ཐུབ་པར”འབད་བརྩོན་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།