“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་རེད”
ཡངས་པའི་ས་གཞིར་ཐོག་མའི་བསམ་འདུན་མངོན།
“རི་དང་། ཆུ། སོལ་རླངས། གྲོང་ཁྱེར་བཅས་བཅོས་སྐྱོང་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་བྱེ་འགོག་བྱེ་བཅོས་དང་ཆུ་བོ་འབབ་རྒྱུད་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས”ཞེས་འདི་ལོའི་ཟླ་བ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་མངགས་བཅོལ་ཟབ་མོ་གནང་བ་རེད།
“གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཏིང་ཟབ་བྱས་ནས། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོར་སྐྲུན་དགོས”ཞེས་འདི་ལོའི་ཟླ་བ་ལྔ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་བླང་བྱ་ཁ་གསལ་བཏོན་གནང་བ་རེད།
སྤྱི་ཡོངས་ཀྱི་ཐབས་ཇུས་འགོད་པ་དང་ཕུགས་ཀྱི་ཇུས་གཞི་འདིང་བ།
བྱང་ཤར་ས་ཁུལ་ནས་མཚོ་བོད་ས་མཐོའི་བར་དང་ས་སེར་མཐོ་སྒང་ནས་ཤར་ལྷོའི་མཚོ་རྒྱུད་བར། རྟོག་ཞིབ་དང་བརྟག་ཞིབ་གནང་ཐེངས་རེ་རེ་བཞིན་དང་ཚོགས་འདུ་གལ་ཆེན་འཚོགས་ཐེངས་རེ་རེ་བཞིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་བདེ་རྩར་ཐུགས་ཁུར་དང་མི་རིགས་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གནང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་གི་ཡོད།
“རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱད་ཆོས་གལ་ཆེན་མང་པོ་ལྡན་པ་དེའི་ནང་གི་གྲས་ཤིག་ནི། རང་རྒྱལ་གྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པ་དེས། དངོས་པོའི་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དུས་མཉམ་དུ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད”
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན་པས། ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད།
དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོ་སྤོ་བའི་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན་ལ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་ཡིན།
མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་ལོ་རྒྱུས་ཤིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་ཐད་བསམ་གཞིག་གཏིང་ཟབ་གནང་བ་སྟེ། “མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཞིག་ཡིན”“མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་པོར་གནོད་འཚེ་བཏང་བ་དེས་མཐར་མིའི་རིགས་རང་ཉིད་ལ་གནོད་འཚེ་ཕོག་རྒྱུ་ནི་འགོག་ཐབས་བྲལ་བའི་ཆོས་ཉིད་ཅིག་ཡིན”
ཇི་ལྟར་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་སམ། དེའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་གཏིང་ཟབ་གནང་བ་སྟེ། “ང་ཚོས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་སྐབས་ཨ་རི་དང་ཡོ་རོབ་ཀྱི་ལམ་རྙིང་པར་བསྐྱོད་ན་འགྲོ་ས་མེད” “ལམ་རྙིང་པར་བསྐྱོད་ན་ཐོན་ཁུངས་ཟད་གྲོན་ཆེ་བ་དང་ཁོར་ཡུག་ལ་སྦགས་བཙོག་བཟོ་བས་རྒྱུན་བསྐྱངས་ཐབས་བྲལ” “སྐྱེ་ཁམས་ཤེས་དཔལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད། མིའི་རིགས་ཀྱིས་གདོད་མའི་ཤེས་དཔལ་དང་། ཞིང་ལས་ཤེས་དཔལ། བཟོ་ལས་ཤེས་དཔལ་བཅས་བརྒྱུད་ཡོད། སྐྱེ་ཁམས་ཤེས་དཔལ་ནི་བཟོ་ལས་ཤེས་དཔལ་དུས་རིམ་ངེས་ཅན་ཞིག་ཏུ་འཕེལ་རྒྱས་བྱུང་བའི་ཐོན་དངོས་ཤིག་རེད་ལ། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་ཞིག་ཀྱང་རེད”
ངེས་གནས་གསལ་བ་དང་ཁ་ཕྱོགས་གསལ་བ།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས།
“རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་འགལ་བར་ལོ་རྒྱུས་གསོག་འཇོག་གི་བརྒྱུད་རིམ་ཞིག་ཡོད་པས་ཉིན་གཅིག་ནང་ཉམས་ཞན་དུ་སོང་བ་ཞིག་མིན་མོད། འོན་ཀྱང་ང་ཚོའི་ལག་ཏུ་ཇེ་སྡུག་ཏུ་འགྱུར་མི་རུང་། གུང་ཁྲན་ཏང་མིར་བློ་རྒྱ་དང་སེམས་ཤུགས་འདི་འདྲ་ཞིག་ཡོད་དགོས”
སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་ས་གནས་ཁག་གཅིག་གི་ལོ་མང་རིང་གི་སྐྱེ་ཁམས་ཁོར་ཡུག་གི“འགག་གནད”བསལ་ཏེ། ས་གནས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཐབས་ཇུས་ནུས་ལྡན་ཞིག་ཏུ་གྱུར་ཡོད།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས།
དམངས་ཀྱི་རེ་ལྟོས་ནི་སྲིད་ཀྱི་སྐྱོང་ཕྱོགས་ཡིན། ལེའོ་ཉིང་ཅིན་ཀྲོའུ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་བྱེད་པ་ལས་མི་དམངས་ལ་ཐོབ་སྣང་ཆེ་ཤོས་སྦྱིན་ཐུབ”ཞེས་ནན་བཤད་གནང་བ་དང་། ཧྲན་ཏུང་རི་ཀྲའོ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ན་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་སྐྱིད་སྣང་སྦྱིན་ཐུབ”ཅེས་ནན་བཤད་གནང་བ་རེད། བབ་ཆགས་པའི་བཀའ་མོལ་དང་མངགས་བཅོལ་ཟབ་མོ་དག“ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་བྱེད་པའི”འགྱུར་མེད་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རི་སྔོན་ཆུ་དྭངས་དང་གསེར་རི་དངུལ་རིའི་གཉིས་ཕན་གྱི་དམིགས་ཚད་གཏན་འཁེལ་བྱེད་དགོས།
“སྔོན་ཆད་ང་ཚོས་རི་སྔོན་ཆུ་དྭངས་དགོས་ལ་གསེར་རི་དངུལ་རི་ཡང་དགོས་ཞེས་བཤད་མོད། དོན་དངོས་ཐོག་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་རེད” 2005ལོའི་ཟླ་8ཚེས་15ཉིན། སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཨན་ཅི་རྫོང་ཡུས་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས་ཏེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི“རི་བོ་གཉིས”ཀྱི་འདུ་ཤེས་བཏོན་གནང་བ་རེད།
ད་ལོའི་ཟླ་2ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགོ་ཚུཌ་མཛད་སྒོའི་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག་ཤིས་ཚིག་སྒྲོན་སྐབས“ཧར་པིན་དུ་སླེབས་རྗེས་ང་ཚོར‘གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི’ཡིན་པ་དངོས་སུ་མྱོང་ཚོར་བྱུང”ཞེས་གསུངས་པ་རེད།
“སྐྱེ་ཁམས་ནི་དཔལ་འབྱོར་ཡིན་པས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་རེད” “རི་སྔོན་ཆུ་དྭངས་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན”
འདུ་ཤེས་བསྒྱུར་བས་གནམ་ས་ཡངས། དེང་གི་ཀྲུང་གོར“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ”དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ནས་འབྲེལ་ཡོད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གང་མགྱོགས་གཏོང་བཞིན་ཡོད། གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཆེ་ཤོས་དང་ཆ་ཚང་ཤོས་བསྐྲུན་ནས་2013ལོ་ནས་2023ལོ་བར་ལོ་རེར་ཆ་སྙོམས་3.3%གྱི་ནུས་ཁུངས་འཛད་སྤྱོད་འཕར་ཚད་ཀྱིས་ལོ་རེར་ཆ་སྙོམས་6.1%གི་དཔལ་འབྱོར་འཕར་སྣོན་ཡོང་བར་འདེགས་སྐྱོར་བྱས་ཡོད།
“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་ཆུ་ཚད་མཐོ་བའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་བརྒྱུད། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས”
ལྗང་མདོག་རྨང་གཞིར་བྱས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ནི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་ཁེ་ཡོང་བའི་ལམ་བུ་ཞིག་ཡིན་ངེས་རེད།
སྔོ་ལྗང་རི་ཀླུང་མི་ཡིས་མ་བརླགས་ན། མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ།
འབྲེལ་ཡོད་གསར་འགྱུར།