དྭངས་གཙང་ཆབ་རྒྱུན་གྱིས་འཚོ་བ་གསར་པའི་ཞིང་ས་བརླན།
—— སྐྱིད་ཁྱག་ཁྱིམ་གྱི་འཐུང་ཆུའི་འགྱུར་ལྡོག་སྐོར་གླེང་བ།
ལོ་ངོ་སྟོང་ཕྲག་རིང་བཞུར་རྒྱུན་ཆད་མྱོང་མེད་པའི་ལྷ་ས་སྐྱིད་ཆུ་ནི་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་འགྲམ་ངོགས་ནས་དལ་གྱིས་ལྷོ་རུ་བཞུར་བཞིན་མཆིས། ཡུལ་མི་ཚོའི་ངོས་ནས་བརྗོད་ན། ལྷ་ས་སྐྱིད་ཆུ་ནི་ཁོང་ཚོའི་ཚེ་སྲོག་གི་འབྱུང་རྩ་རེད་ལ། དེ་བས་ཁོང་ཚོའི་འདས་སོང་གི་འཐུང་ཆུའི་དཀའ་གནད་ཇི་ལྟར་སེལ་བ་ཡོངས་སུ་མཐོང་ཆོས་སུ་གྱུར་པའི་བགྲེས་སོང་ཞིག་དང་གཉིས་སུ་མ་མཆིས།
ཡུལ་དེར་ལྟེ་ཁྲག་འཕོས་ཤིང་ལང་ཚོའི་ཁོ་ལག་ཡངས་པོར་རྒྱས་ནས་འདི་ལོ་ལོ་58ལ་སླེབས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐྱིད་ཁྱག་གིས་གྲོང་ཚོའི་འཐུང་ཆུའི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད། འགྱུར་ལྡོག་འདི་ནི་དོན་དུ་ཚར་པ་ནང་གྲོང་ཚོ་ཁོ་ན་ཙམ་མ་ཡིན་པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་སོང་རིང་གངས་ལྗོངས་ས་མཐོའི་ཞིང་འབྲོག་ཁུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།
ཆུ་བན་དང་འགྲོགས་པའི་བརྗེད་པར་དཀའ་བའི་ལོ་ཟླ།
དུས་རབས་གོང་མའི་ལོ་རབས་དགུ་ཅུའི་གོང་དུ་ཚར་པ་ནང་གྲོང་ཚོའི་ཡུལ་མི་ཚོ་ཆུ་བན་ཁུར་ནས་སྐྱིད་ཆུ་ནས་འཐུང་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད།
དེ་ཡང་ཐོ་རེངས་སྐྱ་མདའ་གཏོང་བའི་བྱ་སྐད་བརྒྱབ་མ་ཐག་ཚར་པ་ནང་གྲོང་ཚོའི་ཡུལ་མི་ཚོ་དྲོད་འཇམ་མལ་ནས་བྲལ་ཏེ་ཆུ་བན་ཁུར་ནས་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། ངའི་ཨ་མས་ཆུ་ལེན་པར་འགྲོ་སྐབས་རྟག་ཏུ་ཕྱུ་པའི་སྣེ་མོ་གཅིག་སྐེ་རགས་ལ་གཟེར་ཏེ། ཆུ་སྐྱོགས་རེ་རེ་བྱས་ནས་ཆུ་བན་ནང་བླུགས་རྗེས། སྒལ་པར་ཁུར་ནས་ཡོང་གི་ཡོད”ཅེས་སྐྱིད་ཁྱག་གིས་སྔར་སོང་གི་ལོ་ཟླའི་རྗེས་དྲན་ཁྲོད་ནས་མིག་ཟུང་ཟུམ་ཟུམ་བྱེད་བཞིན་བརྗོད།
ཆུ་བན་ལྕི་ཞིང་ལམ་ཐག་རིང་ཡང་། ཆུ་ལེན་ཐེངས་གཅིག་གིས་ཆུ་ར་མ་གང་ཁེངས་ཀྱི་མེད་པར་བརྟེན། སྐྱིད་ཁྱག་གི་ཨ་མས་ཉིན་ལྟར་སྐེད་པ་གཞུ་ལྟར་བཀུག་ནས་ཆུ་ཐེངས་བཞི་ལྔ་ཙམ་ལེན་པར་འགྲོ་གི་ཡོད།
ཆུ་བན་ཁུར་ནས་ཆུ་ལེན་པར་འགྲོ་མཁན་དང་ཐེར་གེ་བཏང་ནས་ཆུ་ལེན་པར་འགྲོ་མཁན་དག་ནི་སྐབས་དེའི་ཚར་པ་ནང་གྲོང་ཚོའི་ཞོགས་པའི་ཆུ་འགྲམ་གྱི་ཆེས་རྒྱུན་གཏན་གྱི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད་ལ་མི་རབས་མང་པོའི་ཐུན་མོང་གི་དྲན་ཤེས་ཤིག་ཏུའང་གྱུར་ཡོད།
འཐུང་ཆུ་ལེན་པར་དཀའ་ལས་ཆེན་པོ་ཡོད་པར་བརྟེན་གྱོན་གོས་འཁྲུད་རྒྱུ་ནི་རྒྱས་སྤྲོས་ཤིག་རེད། “སྐབས་དེ་དུས་མི་མང་པོས་གྱོན་གོས་འཁྲུད་ཕོད་ཀྱི་མེད། གལ་ཏེ་ཕྱིར་དོན་དག་གལ་ཆེན་པོ་སྒྲུབ་པར་འགྲོ་དགོས་ཚེ། དྲེག་པ་ཡོད་པའི་གྱོན་གོས་དཀྱིལ་ནས་ཅུང་གཙང་བ་ཞིག་བསྒྲུགས་ནས་གྱོན་གྱི་ཡོད”ཅེས་སྐྱིད་ཁྱག་གིས་མགོ་བོ་གཡུག་གིན་འཛུམ་དམུལ་དམུལ་ངང་བཤད།
ཁྲོན་པའི་ཉེ་འདབས་ནས་བརྩེ་དུང་གི་མྱུ་གུ་འབུས།
དུས་ཀྱི་འཁོར་ལོ་ལོ་རབས་དགུ་ཅུའི་ནང་དུ་འཁོར་དུས་སྲིད་གཞུང་གིས་ཚར་པ་ནང་གྲོང་ཚོར་ཁྲོན་པ་དྲུས་ནས་གྲོང་མི་ཚོའི་འཐུང་ཆུའི་དཀའ་ངལ་སེལ་ཐབས་བྱས་ཤིང་། དེར་བརྟེན། ཡུལ་མི་རྣམས་ཀྱི་ཐག་ཉེ་ས་ནས་ཆུ་ལེན་པའི“རྨི་ལམ”དེ་མངོན་དུ་གྱུར་ཡོད། འོན་ཀྱང་། ཁྲོན་པ་གཅིག་ལས་མེད་སྟབས། ཆུ་ལེན་དུས་བང་རིང་པོ་སྒྲིག་དགོས་ཀྱི་ཡོད། འདི་འདྲ་ཡིན་དུས་མི་ཚོགས་ཀྱི་འདུ་ལོང་རྒོད་པའི་ཁྲོན་པའི་ཉེ་འཁོར་ནི་ཡུལ་མི་ཚོས་ཕྱི་རོལ་ཡུལ་གྱི་གསར་འགྱུར་རྟོགས་པར་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་ཡོད་ལ། ལྷག་དོན་ལང་ཚོ་དར་ལ་བབས་པའི་ཕོ་གསར་མོ་གསར་ཚོའི་སྙིང་གཏམ་ཤོད་སའི་ཁོར་ཡུག་གསར་པར་གྱུར།
“སྐབས་དེར་ཕོ་གསར་ཚོས་ཁྱིམ་གྱི་སྒེའུ་ཁུང་ནས་རང་སེམས་ཤོར་བའི་བུ་མོ་གང་དེ་ཆུ་ལེན་པར་འགྲོ་བ་མཐོང་ཚེ། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཆུ་བན་ཁྱེར་ནས་མཉམ་དུ་ཆུ་ལེན་པར་ཕྱིན་ཏེ་བུ་མོ་དེར་སྐད་ཆ་ཤོད་ཐབས་བྱེད་ཀྱི་ཡོད”ཅེས་སྐྱིད་ཁྱག་གིས་སྐབས་དེའི་ཕོ་གསར་ཚོའི“གསང་བ”ཞིག་གསར་འགོད་པར་བཤད་བྱུང་།
སྐྱིད་ཁྱག་གིས་ཉིན་ཞིག་རང་ཉིད་ཀྱི་སེམས་ལ་ཐད་པའི་བུ་མོ་དེ་ཆུ་ལེན་པར་འགྲོ་བ་མཐོང་དུས། “གོ་སྐབས་དམ་འཛིན”གྱིས་ཨ་མར་ཆུ་ལེན་པར་འགྲོ་གི་ཡིན་ཞེས་བཤད་ནས་ཆུ་ལེན་པར་བསྐྱོད་པའི་སྐོར་བརྗོད་བྱུང་།
ཁོང་གི་འཛུམ་པའི་བཞིན་དང་དགའ་ལྷང་ལྷང་གི་གསུང་ལས་སྐབས་དེ་དུས་མ་གཞི་འཐུང་ཆུ་ལེན་པར་ད་དུང་དཀའ་ངལ་ཅུང་ཟད་ཡོད་མོད། འོན་ཀྱང་འཚོ་བར་དཀའ་སྡུག་འཕྲད་སྐབས་གྲོང་མི་རྣམས་ཀྱིས་བག་ཡངས་སྤྲོ་སྣང་གིས་གདོང་སྟོན་བཞིན་ཡོད་པ་ངང་གིས་རྟོགས་འོང་།
ཨ་མའི་ནུ་ཞོ་དང་འདྲ་བའི“ཡ་ཅིན”ཁྲོན་ཆུ།
ལོ་ཟླ་ནི་བུད་མེད་ཚོས་ཆུ་བན་སྒལ་པར་ཁུར་བའི་གོམ་འགྲོས་དང་འགྲོགས་ནས་དལ་གྱིས་བཞུད།
1994ལོའི་ཟླ་4པའི་ཚེས་14ཉིན་ནི་གྲོང་མི་ཚོའི་ངོས་ནས་བཤད་ན་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན་ཞིང་། དེ་ཉིན་གྲོང་ཚོའི་ནང་གློ་བུར་དུ་མོ་ཊ་ཆེན་པོ་འགའ་ཤས་འབྱོར་བ་དང་། སྲུང་ཞྭ་གྱོན་པའི་བཟོ་པ་འགའ་ཞིག་གིས་གྲོང་ཚོའི་ས་སྟོང་ཞིག་ཏུ་ཀོང་དོང་ཆེན་པོ་ཞིག་དྲུས་པ་མ་ཟད། དེ་སྔ་མཐོང་མྱོང་མེད་པའི་ལྕཌ་མདོང་ཆེན་པོ་ཞིག་བཙུགས།
ཡུལ་མི་རྒན་གཞོན་ཚང་མས་དེ་གང་ཡིན་ནམ་སྙམ་ནས་སོམ་ཉིའི་དྲ་བར་ཚུད་པའི་སྐབས་དེར་ཚང་མའི་འདྲེན་བྱེད་ལམ་དུ་ཆུ་མདོང་ནས་དྭངས་གཙང་གི་ཆུ་ཤག་ཤག་ཏུ་དོན་ཡོང་བ་མཐོང་། རེ་ཞིག་དེར་འདུས་པའི་མི་ཚང་མ་ཧ་ལས་ཧང་སངས་ཏེ་རེ་ཞིག་ངག་ལྐུག་པར་གྱུར།
སྐྱིད་ཁྱག་གིས་མི་ཚོགས་ཀྱི་མདུན་དུ་སོང་སྟེ། འདི་ཅི་ཞིག་རེད་ཅེས་དྲིས་པར། བཟོ་པ་རྣམས་ཀྱིས་དགའ་བའི་འཛུམ་དང་བཅས“དེའི་མིང་ལ‘ཡ་ཅིན’(手压井)ཟེར། ལག་པས་མར་མནན་ན་ཨི་ཁུང་འདི་ནས་ཆུ་དོན་ཡོང་གི་རེད”ཅེས་བཤད། དེ་ནས་སྐྱིད་ཁྱག་གིས་ཏོང་སྒྲའི་ཁྲོད་དུ་དོན་ཡོང་བའི་ཆུ་སྙིམ་པ་གང་བཏུངས་པར། དྭངས་གཙང་གི་ཆུ་ཁ་ལ་རེག་པ་ཙམ་གྱིས་ཨ་མའི་ནུ་ཞོ་དང་འདྲ་བའི་མངར་བསིལ་གྱི་བྲོ་བ་ཚོར། དེ་མུར་ཁོང་གིས“ཆུ་དེས་མངར་སིལ་རྒྱག་གི་འདུག”ཅེས་སྨྲ་བར་ཐལ།
དེ་ནས་ཧ་ལམ་ལོ་བཅུ་ཙམ་གྱི་རིང་གྲོང་མི་རྣམས་ཀྱིས“ཡ་ཅིན”ཁྲོན་པར་ཚེ་སྲོག་ལ་གཅེས་པ་ལྟར་སྲུང་སྐྱོབ་བྱས་ཡོད། དེ་ཡང“ཡ་ཅིན”ཁྲོན་པ་ཡོད་པའི་དབང་གིས་རྒྱ་ཆེའི་མང་ཚོགས་ལ་སྟབས་བདེ་ཆེན་པོ་བྱུང་ཡོད་ལ། དུས་ཚོད་ཀྱང་མང་པོ་གྲོན་ཆུང་ཐུབ་ཡོད།
ཆུ་ཀ་ལ་ལས་བྱུང་བའི་སྟབས་བདེ་དང་ཕན་བདེ།
2004ལོར་གྲོང་ཚོར་ཆུ་ཀ་ལ་ཁྲིད། སྐྱིད་ཁྱག་གིས“ངས་དྲན་གསལ་ལ་ཐོག་མར་གྲོང་ཚོས་དུད་ཚང་སོ་སོའི་མིའི་གྲངས་འབོར་ལ་གཞིགས་ནས་ཚོགས་ཆུང་རེར་ཆུ་ཀ་ལ་3ནས་5བར་ཁྲིད་པ་དང་། ཆ་སྙོམས་བྱས་ན་དུད་ཚང་20ལ་ཆུ་ཀ་ལ་རེ་ཁྲིད་ཡོད”ཅེས་དྲན་གསོ་བྱེད་བཞིན་བརྗོད།
དེ་ནས་བཟུང་། ནང་གི་ཨ་མ་ཚོས་ཆུ་བན་ལྕི་པོ་སྒལ་པར་ཁུར་ནས་ས་ཐག་རིང་པོར་ཆུ་ལེན་པར་འགྲོ་བའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ལ། ཚར་པ་ནང་གྲོང་ཚོའི་གྲོང་མི་ཚོའི་འཚོ་བ་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
དེ་ལས་དགའ་འོས་པ་ཞིག་ལ། 2007ལོར་རྒྱལ་ཁབ་ཀྱིས་མ་དངུལ་ཕོན་ཆེན་བཏང་ནས་གྲོང་ཚོའི་དུད་ཚང་ཚང་མར་ཆུ་ཀ་ལ་ཁྲིད་པ་རེད། ཆུ་ཀ་ལའི་དྲིན་ལས་ཡུལ་མི་ཚོའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་སྟེ། འཐུང་ཆུ་ལེན་པ་དང་། གོས་འཁྲུད་པ། ཚལ་འཁྲུད་པ། གཙང་སྦྲ་བྱེད་པ། བྱ་དེ་དང་བ་ཕྱུགས་གསོ་ཚགས་སོགས་ཚང་མར་སྟབས་བདེ་ཆེན་པོ་བྱུང་ཡོད།
ཆུ་གཙང་མ་འདི་འདྲ་འཐུང་རྒྱུ་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཟིགས་སྐྱོང་སྲིད་ཇུས་རང་ལས་བྱུང་བ་ཞིག་རེད་ཅེས་སྐྱིད་ཁྱག་གིས་ཁྱིམ་གྱི་ཀ་ལའི་འོག་ཏུ་ཞོག་ཁོག་འཁྲུད་བཞིན་འདི་ལྟར་ཤོད་ཀྱི་འདུག
ཟུར་བསྟན་ལེབ་མཐོང་གི་དཔེ་ལྟར། ཚར་པ་ནང་གྲོང་ཚོའི་ཆུ་ལེན་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ལས། ཏང་དང་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཚོར་ཐུབ་ལ། དེ་བས་ཀྱང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་སོང་རིང་བོད་ཀྱི་གྲོང་གསེབ་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་ཚོར་ཐུབ།
བཅར་འདྲི་བྱས་ཟིན་རྗེས་གསར་འགོད་པ་གྲོང་ཚོའི་ནང་དུ་ལྟ་བར་སོང་བ་ཡིན། ཚར་དུ་དངར་བའི་ཁང་བཟང་མང་པོའི་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས་ལ། ཡུལ་སྲོལ་བཟང་ཞིང་བཀོད་པ་གཙང་བ་ཞིག་འདུག་པས། མ་འོངས་པར་ཚར་པ་ནང་གྲོང་ཚོ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པར་འགྱུར་ངེས་ཡིན་པ་གསར་འགོད་པར་ཡིད་ཆེས་བརྟན་པོ་བྱུང་།
འབྲེལ་ཡོད་གསར་འགྱུར།