དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསམ་བློ་གཅིག་གྱུར་དང་མཉམ་ཤུགས་གཅིག་སྒྲིལ་དེ་བས་ཡོང་བར་བྱེད་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-08-12

    གྲོལ་མ་ཐག་པའི་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་སུ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་མཉམ་འདུས་ཀྱི་འགག་རྩའི་མཚམས་ཚིགས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་འཆར་གཞི་གསལ་པོ་བཀོད་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། དཔུང་པ་མཉམ་གཤིབ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་དང་ཐོག་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱས་ནས་ཐུགས་ཁུར་ཟབ་མོ་གནང་བ་དེ་དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། བོད་ལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ཁ་གསལ་བཏོན་གནང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ད་ལོ་ཚུན། དིང་རིར་ས་ཡོམ་བརྒྱབ་རྗེས་ཀྱི་ཛ་དྲག་བཀོད་སྒྲིག་དང་། ཀ་ལ་གྲོང་ཚོར་འབྱོར་བའི་འཕྲིན་ལན་གྱི་ཐུགས་རེ་ནན་པོ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་སྐྲུན་འགོ་ཚུགས་པ་བཅས་ཀྱི་འཐབ་ཇུས་ཀྱི་འཆར་གཞི་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དང་གཙོ་འཛིན་གྱིས་གངས་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་ལ་གཟིགས་སྐྱོང་ཆེན་པོ་གནང་ལུགས་མངོན་བཞིན་ཡོད། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་དེ་ཁྲག་རྒྱུན་ནང་འདྲེས་པ་དང་བྱ་སྤྱོད་ཐོག་འཁྱོལ་བར་བྱས་ཏེ། གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་དེ་ཉིད་རང་འགན་ཐེག་པ་ཁུར་ལེན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བཟུང་སྟེ། མང་ཚོགས་ཀྱི་སྐད་ཆའི་ཐོག་ནས་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། “སྤྱི་ཁྱབ་ཧྲུའུ་ཅི་དང་བོད་ཀྱི་མི་དམངས་གཅིག་སེམས་གཅིག་འབྲེལ”གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་བརྗོད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་པ། བློ་རྩ་དེ་བས་བརྟན་པ་དང་། བྱ་སྤྱོད་དེ་བས་རང་རྟོགས། གོམ་སྟབས་དེ་བས་གཅིག་གྱུར་བཅས་བྱས་ཏེ། བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

    བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར་གཙོ་བོ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་སྡོམ་གཏིང་ཟབ་བྱས་པའི“ངེས་པར་དུ་བྱེད་དགོས་པ་དྲུག”ནི་ཡུན་རིང་མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་ལས་བྱུང་བའི་ཚན་རིག་དང་མཐུན་པའི་ངོས་འཛིན་ཞིག་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཉམས་མྱོང་ཕྱོགས་སྡོམ་ཞིག ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་བཅས་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་དང་། ལྷག་པར་དུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ནི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་འདི་དག་བེད་སྤྱོད་ཞིབ་ཕྲ་བྱས་པ་ཞིག་རེད། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར“ངེས་པར་དུ་བྱེད་དགོས་པ་དྲུག”ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཏེ། དེ་ཉིད་དཀའ་གནད་སེལ་བ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་མཚོན་ཆ་རྣོན་པོ་ཞིག་ལ་འགྱུར་བར་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བའམ་ཡང་ན་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ནས། མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པ་གང་ཞིག་ཡིན་རུང་། བསམ་བློ་གཏོང་སྟངས་ཡང་དག་ཡོང་བར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི་འཐབ་ཇུས་འཆར་གཞི་དག་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདུན་པར་འགྱུར་བར་བྱེད་དགོས།

    བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཞུན་བརྡར་གྱིས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། མིག་སྔར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་ཉེར་ཡོད་པས་དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་པོ་ཡོད། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས“མང་ཚོགས་ཉེ་འགྲམ་གྱི་དོན་ཆུང”དག“ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན”ལ་བརྩིས་ནས་དམ་འཛིན་བྱེད་པར་ཁྲིད་སྟོན་བྱས་ཏེ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། འབབ་འཕར་སོགས་དམངས་འཚོའི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོས་ནས་གཏན་འཁེལ་བྱུང་རྗེས་མགྱོགས་མྱུར་སྒྲུབ་པ་དང་། ཕྱོགས་ཁག་གི་ངར་ཤུགས་འཕེལ་བར་བྱེད་པ། “བྱས་པའི་རྗེས་དང་འདྲུད་པའི་ཤུལ”ཡོད་པའི་སེམས་ཤུགས་བརྟན་པོར་བརྟེན་པ། འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་ཆད་སྐྱོན་སེལ་བ། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་དང་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་དང་སྙིང་རུས་གཏན་འཁྱོངས་ཀྱི་སེམས་ཤུགས་བརྟན་པོར་བརྟེན་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།