དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱེ་ཐང་སྐྱ་མོ་ནས་འབུས་པའི་ཕྱུག་འགྱུར་མེ་ཏོག

    —— ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྔགས་སྒྲ་ཤང་གིས་སྐྱེ་ལྡན་འདམ་མྱུག་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    དབྱར་གཞུང་དུ། གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྔགས་སྒྲ་ཤང་དུ་སྐྱོད་སྐབས། དེ་སྔའི་སྐྱ་ཐེར་ཐེར་གྱི་ཐང་རྒོད་ད་ཆ་སྔོ་ཐིང་ཐིང་དུ་འགྱུར་བ་མཐོང་།

    2019ལོར། སྲིད་གཞུང་གི་ཁྲིད་སྟོན་དང་སྐྱེ་ཁམས་བཅོས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག བོད་ལྗོངས་ལྗང་མདོག་འབྱུང་ཁུངས་སྐྱེ་ལྡན་ཞིང་ལས་ཚན་རྩལ་ཀུང་སིས་གྲ་ནང་རྫོང་སྔགས་སྒྲ་ཤང་གི་བྱེ་ས་མུའུ་3500བརྒྱུད་བཤུག་བླངས་ནས་ས་མཐོའི་ཁྱད་ལྡན་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བར་གཞོལ་ཡོད། ཀུང་སིས་ཀྲུང་གོ་འདམ་མྱུག་ཞིབ་འཇུག་ལྟེ་གནས་དང་མཉམ་ལས་དམ་ཟབ་བྱས་ཏེ། རིགས་གཅིག་མཁས་ཅན་གྱི་ཚོགས་པ་བཙུགས་ནས་འདམ་མྱུག་སྣ་ཁ་30ལྷག་ཙམ་ལ་ས་མཐོར་འདྲེན་ཆོག་པའི་ཚན་རྩལ་འགག་སྒྲོལ་ལས་དོན་སྤེལ་བ་རེད། དཀའ་ཚེགས་ཆེ་བའི་ཚོད་འདེབས་ལོ་3བྱས་རྗེས། ས་མཐོའི་དམིགས་བསལ་ཁོར་ཡུག་ཏུ་རྦད་དེ་འཕྲོད་པའི“ཡར་ཀླུང་གཙང་པོའི་ངོ་མཚར”(“ཡར་ཀླུང་གཙང་པོའི་ངོ་མཚར”ནི་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིས་བཏོད་པའི་སྐྱེ་ལྡན་ཞིང་ལས་སྤུས་རྟགས་ཤིག་རེད)ཞེས་པའི་འདམ་མྱུག་སྣ་ཁ་སྤུས་ལེགས་ཤིག་ལེགས་གྲུབ་ལྡན་པའི་ངང་ཐོན་པ་རེད།

    དྲོད་ཁང་དུ་འཛུལ་ནས་འདམ་མྱུག་རྐང་གཅིག་འཐུ་སྐབས་ཚག་སྒྲ་དང་བཅས་ཁུ་བ་འཛིར་ཡོང་། “ལྗོངས་ཕྱིའི་འདམ་མྱུག་དང་བསྡུར་ན་དེ་བས་མངར་བ་དང་། པགས་པ་བཤུ་མི་དགོས་པ་མ་ཟད། བྲོ་བའང་ཞིམ་པོ་འདུག”ཅེས་དེ་གར་འདམ་མྱུག་འཐུ་བཞིན་པའི་ལྷོ་ཁའི་ཡུལ་མི་བཀྲ་ཤིས་ཀྱིས་བསྔགས་བརྗོད་ཡང་ཡང་བྱས། དབང་གྲགས་ལྡན་པའི་སྒྲིག་གཞིས་ཞིབ་དཔྱད་བྱས་པ་བརྒྱུད། “ཡར་ཀླུང་གཙང་པོའི་ངོ་མཚར”ཞེས་པའི་ས་མཐོའི་འདམ་མྱུག་གི་སྤུས་ཀའི་ལེགས་ཆ་མངོན་གསལ་དོད་པ་སྟེ། རྒྱུན་མཐོང་ལས་30%ཙམ་གྱིས་མངར་ཞིང་བྲོ་བ་ཞིམ་པ་དང་། ཨན་གཞི་སྐྱུར་འདུས་ཚད་མངོན་གསལ་དོད་པོས་མཐོ་བ་ཡོད་ལ་ཧ་ཅང་སོས་པོ་ཡོད། དེ་བཞིན་ཧོང་ཐུང་དང་ལུའུ་ཏིང་སོགས་སྐྱེ་ལྡན་གྲུབ་ཆའི་འདུས་ཚད་ཀྱང་སྤྱིར་བཏང་གི་འདམ་མྱུག་ལས་མང་བ་ཡོད་པས་འཚོ་བཅུད་རིན་ཐང་དེ་བས་ཆེ་བ་ཡོད་པ་རེད།

    “བྱེ་མར་རླུང་འགྲོ་ཡག་པ་དང་། ཉིན་མཚན་གྱི་དྲོ་གྲང་ཧེ་བག་ཆེ་བ། ཉི་འོད་ཕོག་ཡུན་རིང་བ་སོགས་དེ་སྔ་ཞན་ཆར་བརྩི་བའི་རང་བྱུང་ཆ་རྐྱེན་དེ་དག་ཚན་རྩལ་གཞན་སྒྱུར་བྱས་པ་བརྒྱུད་འདམ་མྱུག་སྤུས་ལེགས་ཆགས་པའི་འགག་རྩར་གྱུར་ཡོད། རྟེན་གཞིར་ས་གཤིས་རྩད་ཞིབ་བྱས་པ་ལས། ས་འོག་གི་སྨི་བརྒྱ་ལ་ཉེ་བའི་མཚམས་སུ་ཚང་མ་བྱེ་མ་ཞིབ་ཞིབ་ཡིན་པ་མངོན་ཡོད”ཅེས་ལྗང་མདོག་འབྱུང་ཁུངས་བོད་ལྗོངས་ཀུང་སིའི་འགན་འཁུར་བ་ཡུས་ཡིང་གིས་འགྲེལ་བཤད་བརྒྱབ།

    “‘ཡར་ཀླུང་གཙང་པའི་ངོ་མཚར’ནི་སྐྱེ་ལྡན་ཁྲོམ་ར་རྩེ་གྲས་སུ་འདོན་གྱི་ཡོད་པ་དང་། ‘རྫས་འགྱུར་ཞིང་སྨན་དང་རྫས་ལུད་མེད་པའི’རྒྱལ་ཁབ་ཀྱི་སྐྱེ་ལྡན་ཁས་ལེན་དཔང་འདོན་ཚད་གཞི་ནན་པོ་བརྟན་པོར་སྲུང་གི་ཡོད”ཅེས་ཡུས་ཡིང་གིས་བཤད། བྱེ་མའི་ཐང་རྒོད་ཀྱི་འགྲན་སློང་མདུན་དུ། ཀུང་སི་དེས“ས་རྒྱུ་གཤིན་གཏོང་དང་། ཆུ་གྲོན་ཆུང་། གནོད་འབུ་འགོག་པ། རྒྱུན་འཁོར”བཅས་ཕྱོགས་བཞི་གཞི་གཅིག་གི་ལག་རྩལ་མ་ལག་གསར་གཏོད་ངང་བཀོལ་སྤྱོད་བྱས་པ་རེད། རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། ཉེ་ཆར་མུའུ་1200ཟིན་པའི་ལེགས་འགྱུར་བྱེ་སར་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་རག་པ་དེ་ཐོག་ནས་བོད་ལ་རྒྱལ་ཁབ་ཀྱི་ཚད་གཞི་དང་རྦད་དེ་མཐུན་པའི“སྔོ་ཚལ་རྩེ་གྲ”ཡི་ཐོན་སྐྱེད་རྟེན་གཞི་ཞིག་ཡོད་པ་མཚོན་ཡོད།

    ཐུན་མོང་མ་ཡིན་པའི་སྤུས་ཚད་ལ་བརྟེན་ནས་ས་མཐོའི་སྐྱེ་ལྡན་འདམ་མྱུག་རྩེར་སོན་ཁྲོམ་རར་གྲུབ་འབྲས་ཐོབ་པའི་ངང་བཏོན་པ་དང་ཤང་ཀང་དུ་ཕྱིར་ཚོང་ཚོད་ལྟ་ཐེངས་དང་པོ་ལེགས་གྲུབ་བྱུང་བ་མ་ཟད། གྲོང་མིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁྲོམ་རའི་དགོས་མཁོ་དེ་བས་ཆེ་བ་སྐོང་བ་དང་འབྲེལ་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱ་ཆེད། ཀུང་སིས་མ་དངུལ་སྒོར་ཁྲི་1000བཏང་ནས་འཁྱགས་སྐམ་འཁོར་ཁང(འདམ་མྱུག་འཁྱགས་སྐམ་གཏོང་རྒྱུར་སྤྱོད་པ)བསྐྲུན་པ་དང་ཤང་ཀང་གི་ཁྲོམ་ར་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་རྒྱུའི་འཆར་གཞི་བཟོས་པ་མ་ཟད། ད་དུང་ཡོ་རོབ་དང་ཨ་རིར་ཕྱིར་གཏོང་གི་ཐབས་ལམ་ཧུར་ཐག་གཏོད་རྩིས་ཡོད།

    ཐོན་ལས་དར་རྒྱས་དང་གྲོང་གསེབ་ཕྱུག་འགྱུར་བྱུང་བས་ཞིང་འབྲེལ་ཞིང་ཁྲིད་ལ་ཕན་འབྲས་དངོས་ཐོན་ཞིང་། “སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་གཙོ་ཁྲིད། ཞིང་པ་ཞུགས་པ”བཅས་ཀྱི་ལམ་སྲོལ་ལ་བརྟེན་ནས་ཀུང་སིས“གླིང་ཁུལ་དང་། སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཡོད། ས་ཞིང་བརྒྱུད་བཤུག་བཏང་བ་ལས་གྲོང་ཚོའི་མཉམ་སྡེབ་ལ་ལོར་ཁེ་སྤོགས་བརྟན་པོ་བྱུང་བ་དང་། ལས་བཟོ་ལས་ཞུགས་ཐད་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ཞིང་འབྲོག་པ་མི་ཐེངས་ཁྲི་4.4རྟེན་གཞི་འཛུགས་སྐྲུན་ནང(རྣམ་གྲངས་ལས་འགོ་བཙུགས་ཚུན)ཞུགས་པ་དང་ཞིང་འབྲོག་པ་186གཏན་འཇགས་ཀྱི་ཐོན་ལས་བཟོ་པར་གྱུར་པ། རྩལ་ནུས་མཐོར་གཏོང་ཐད་ཀུང་སིས་ཞིང་ལས་ལག་རྩལ་སྡེ་ཚན་དང་མཉམ་འབྲེལ་ཐོག“ཞིང་ནང་སློབ་ཚན”ལོ་རེར་ཆ་སྙོམས་སློབ་ཚན་ཆུ་ཚོད་200ཙམ་འཚོགས་ནས། ཐིགས་ཆུ་གཏོང་རྩལ་བྱང་ཆུབ་པ་དང་སྐྱེ་ལྡན་ཚད་གཞིར་རྒྱུས་མངའ་ཆེ་བའི་ལས་རིགས་ཞིང་པ་གསར་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། གྲོང་མི་ཚེ་སྒྲུབ་ཀྱིས“སྔོན་ཆད་རླུང་ཤུགས་ཆེ་བའི་བྱེ་ཐང་འདི་ད་ཆ་ཡོང་འབབ་གསོག་སར་གྱུར་ཡོད། ངས་ནོར་ལུག་གི་ལྕི་བ་དང་རིལ་མ་ཀུང་སིར་བཙོངས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ཙམ་རག་གི་འདུག བཟའ་ཟླ་གྲང་ཕྲེང་དབྱེ་གསེས་ལྟེ་གནས་སུ་ལས་ཀར་འགྲོ་ཡི་ཡོད་པས་ཟླ་རེར་གླ་ཆ་སྒོར་5000ཙམ་ཡོད། དེའི་ཐོག་ངའི་ཡོང་འབབ་བསྡོམས་ན་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོའི་ལོ་མཇུག་བར་རྣམ་གྲངས་དེས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་6380ཟིན་རྒྱུར་སྐུལ་ཁྲིད་བྱས་པ་དང་། དེའི་ནང་དངོས་སུ་ཞུགས་པའི་ཞིང་དུད་ཀྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.5ཟིན་ཡོད། སྔགས་སྒྲ་ཤང་གི་དེ་སྔའི“བྱེ་རླུང་གི་གྲོང་ཚོ”དེ་ད་ཆ་སྐྱེ་སྟོབས་ཀྱི་དཔལ་འབར་པའི“འདམ་མྱུག་གྲོང་སྡེར”གྱུར་ཡོད། དེ་བས་དགའ་འོས་པ་ཞིག་ནི་ད་ལོ་ད་དུང་མཉམ་ལས་ཁང་9ཡིས་ཀུང་སི་དེའི་གྲང་ཕྲེང་ཟོག་འགྲེམས་རྣམ་གྲངས་ལ་མ་རྐང་བཞག་ནས“ཁྱིམ་ཚང་ཚང་མར་མ་རྐང་ཡོད་པ་དང་ལོ་ལྟར་ཁེ་སྤོགས་ཡོད་པའི”ཕུགས་ཕན་གྱི་འབྲེལ་མཐུད་ལམ་སྲོལ་བཙུགས་ཡོད།

    “‘སྔོན་ཆད་བོད་ཀྱི་སྔོ་ཚལ་ལྷ་ས་ནས་ཕྱིར་གཏོང་བྱེད་ཐུབ་ཀྱི་མེད། ད་ལྟ་གྲང་ཕྲེང་རླངས་འཁོར་ལ་བརྟེན་ནས་ས་མཐོའི་འདམ་མྱུག་ཤང་ཀང་དུ་དབོར་གྱི་ཡོད’དེ་ནི་རྒྱུ་སྤུས་གསར་བརྗེ་བྱས་པའི་ནུས་པ་རེད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཏུང་ཕིང་གིས་མྱོང་ཚོར་ཟབ་མོས་བཤད།

    འབྱུང་འགྱུར་ལ་ཕྱོགས་སྐབས་ལྗང་མདོག་འབྱུང་ཁུངས་ཀུང་སིས་སླར་ཡང་མ་དངུལ་སྒོར་དུང་ཕྱུར་3.8བཏང་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ལྡན་འདམ་མྱུག་འདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་3500བར་རྒྱ་སྐྱེད་བཏང་སྟེ“གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་སྐྱེ་ལྡན་འདམ་མྱུག་ཐོན་ལས་ཁུལ”ནུས་ཤུགས་ཡོད་རྒུས་སྐྲུན་རྩིས་ཡོད་པ་རེད། དེ་ནི་ཁེ་ལས་ཤིག་གི་འཆར་གཞི་ཙམ་མ་ཟད། བོད་ཀྱིས་ཚན་རྩལ་གྱི་ནུས་པ་དང་སྐྱེ་ཁམས་སྔོན་འཇོག་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།