མཚོ་སྔོན་ཟི་ལིང་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ།
ཉེ་ཆར། ཟི་ལིང་ཚའོ་ཅཱ་པའོ་རྒྱལ་སྤྱིའི་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད་ལ། T3གནམ་ཐང་འབབ་ཚུགས་ཀྱང་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཟི་ལིང་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི” རིང་གི་འཆར་འགོད་འཛུགས་སྐྲུན་གྱི་གནམ་ཐང་གི་རྣམ་གྲངས་གཙོ་བོ་ཞིག་རེད་ལ། མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལོ་རྒྱུས་ཐོག་མ་འཇོག་མང་ཤོས་དང་འཛུགས་སྐྲུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལས་གྲྭ་ཞིག་ཀྱང་རེད།
ལས་གྲྭ་དེས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་རྒྱུ་མཐའ་འཁྱོངས་བྱས་ཏེ་རིགས་ཆེ་གྲས་10དང་ལག་རྩལ་གསར་པའི་རྣམ་གྲངས་31ཁྱབ་གདལ་བེད་སྤྱོད་བྱས་པས་གཤེར་སྐྱོན་རང་བཞིན་གྱི་ས་སེར་རྩིག་རྨང་བརྟན་གཏོང་སོགས་འཛམ་གླིང་རིམ་པའི་དཀའ་གནད་ཁྱད་བསད་བདེ་བླག་ཐུབ་ཡོད།
དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་ནི་2020ལོའི་ཟླ་8ཚེས་24ཉིན་སྐྲུན་འགོ་ཚུགས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་107.12བཏང་བའི་ནང་གནམ་ཐང་ལས་གྲྭར་སྒོར་དུང་ཕྱུར་99.83བཏང་ཡོད།
སྤྱོད་འགོ་ཚུགས་རྗེས་ཀྱི་T3གནམ་ཐང་འབབ་ཚུགས་སུ་གནམ་གྲུའི་འབབ་གནས་34ནས་75བར་མང་དུ་ཕྱིན་པ་དང་། ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2100ཡི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་ལ། ཟོག་འདྲེན་བྱེད་ཚད་ཀྱང་ཏུན་ཁྲི་4ནས་ཏུན་ཁྲི་12བར་འཕར་རྒྱུ་རེད། T3གནམ་ཐང་འབབ་ཚུགས་དང་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སྦྲེལ་མཐུད་བྱས་ནས། མཁའ་འགྲུལ་དང་གཞུང་ལམ་སོགས་ཕྱོགས་བསྡུས་འགྲིམ་འགྲུལ་གཞི་གཅིག་ཏུ་བསྡུས་ཏེ། འགྲུལ་པའི་འགྲོ་སྐྱོད་སྣ་མང་གི་དགོས་མཁོ་གང་ལེགས་སྐོང་ཐུབ་ངེས་ཡིན་པས། ཟི་ལིང་གནམ་ཐང་གི་གཅིག་སྡུད་ཟོག་འདྲེན་ནུས་པ་དང་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།