དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་དུ་ཆུ་ལོག་གི་གནོད་འཚེ་ཐོན་པའི་ཁྲོད་མི་9828གནས་སྤོ་བཀོད་སྒྲིག་བྱས་པ།

    འཚོལ་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-11

    འདི་ནི་འཚོལ་སྐྱོབ་པས་ཡུས་ཀྲུང་རྫོང་མ་ཕོ་ཤང་ཅིའུ་ཀྲོང་ཀོའུ་གྲོང་ཚོར་གནས་སྐབས་ཀྱི་བགྲོད་ལམ་སྐྲུན་བཞིན་པ།

    འདི་ནི་དྲག་ཆས་ཉེན་རྟོག་ཀན་སུའུ་སྤྱི་ཁྱབ་རུ་ཁག་འཕྲུལ་སྒུལ་ཉིང་ལག་རུ་ཁག་གི་དཔོན་དམག་རྣམས་ཅིའུ་ཀྲོང་ཀོའུ་གྲོང་ཚོར་སྐྱོད་བཞིན་པ།

    ཟླ་8ཚེས་7ཉིན་ནས་བཟུང་། ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་སོགས་སུ་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། ཚེས་8ཉིན་གྱི་ཆུ་ཚོད་18དང་སྐར་མ་50ཙམ་བར་གནོད་འཚེའི་ཁྲོད་མི་10རྐྱེན་ལམ་དུ་ཤོར་བ་དང་མི་33འབྲེལ་བ་ཆད་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ད་ཐེངས་ཀྱི་གནོད་འཚེ་ཐོན་པའི་ས་ཁོངས་ནང་ཤང་དང་གྲོང་རྡལ་8ཚུད་ཅིང་། དུད་ཁྱིམ་485དང་མི་གྲངས་2002ལ་གནོད་འཚེ་ཕོག་པའི་ནང་ཤང་དང་གྲོང་རྡལ་5ལ་ཆུ་ལོག་གི་གནོད་འཚེ་ཕོག་ཡོད་པ་རེད།

    ཀན་སུའུ་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་། ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག རྒྱལ་ཁབ་ནུབ་བྱང་ས་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་བཅས་ཀྱིས་སྔ་རྗེས་སུ་མེ་གསོད་རོགས་སྐྱོབ་མི་སྣ་717རོགས་སྐྱོབ་བྱེད་པར་བཏང་བ་རེད། ཚེས་8ཉིན་གྱི་ཆུ་ཚོད་23ཙམ་བར་དུ་རིམ་རྩིས་བརྒྱབ་ན་ཉེན་གྱར་མང་ཚོགས་443བསྐྱབས་པ་མ་ཟད་འཚོལ་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།

    ངོ་སྤྲོད་བྱས་པ་ལྟར་ན། ཚེས་8ཉིན་གྱི་ཆུ་ཚོད་23ཙམ་བར་ཡུས་ཀྲུང་རྫོང་གིས་གཉེན་འཚོལ་གྲོགས་བརྟེན་དང་། གསོལ་མགྲོན་ཁང་བསྡུ་སྤྱོད། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་འཛུགས་པ་སོགས་ལ་བརྟེན་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་9828གནས་སྤོ་བཀོད་སྒྲིག་བྱས་པ་མ་ཟད། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱས་པ་རེད།

    འགྲོ་ལམ་དང་། གློག་འདོན། འཕྲིན་གཏོང་སོགས་ཀྱི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཤིང་། དྲག་ཆར་གྱིས་རྐྱེན་པས་ལན་ཀྲོའུ་མངའ་ཁོངས་ཀྱི་ལམ་ཐིག་G312སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དྲུག་གི་དུམ་བུ་ཁག་གཅིག་གི་ལམ་ངོས་སུ་ཆུ་འཁྱིལ་བ་དང་རྡོ་ལྷུང་བ་སོགས་ཀྱི་གནོད་འཚེ་ཐོན་ཡོད། ཚེས་8ཉིན་གྱི་ཆུ་ཚོད་19ཙམ་བར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འཕྲུལ་འཁོར་དང་སྒྲིག་ཆས་སྣ་ཚོགས་ཁྱོན་120ལྷག་ཙམ་དང་འཕྲལ་སྡོམ་མི་སྣ་650ལྷག་ཙམ་བཏང་ནས་ལམ་ཐིག་S104རྒྱུད་ཀྱི་ཆུ་ལོག་གི་གཏོར་སྐྱོན་ཕོག་ས་3དང་ཤིང་ཧོང་གཞུང་ལམ་རྒྱུད་ཀྱི་གཏོར་སྐྱོན་ཕོག་ས་4ཤར་གཏོང་ཐུབ་པར་བྱས་པ་རེད།

    ཀན་སུའུ་ཡིས་གཏོར་སྐྱོན་ཕོག་པའི་གློག་ཤུགས་དང་འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་ཏེ་ཆར་སྐྱོན་ལས་འཁོར་སྐྱོད་མཚམས་ཆད་པའི་གློག་དྲའི་སྐུད་ལམ་7གྱི་ནང་ནས་2ཉམས་གསོ་བྱས་པ་དང་མཚམས་ཆད་པའི་འཕྲིན་གཏོང་སྒུལ་བདེའི་དྲ་རྒྱའི་སྦྲེལ་ཚུགས་67གྱི་ནང་ནས་37ཉམས་གསོ་བྱས་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།